བོད་ལྗོངས་ཀྱིས་བཟའ་བཅའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས16ཉིན། བོད་ལྗོངས་ཀྱིས་བཟའ་བཅའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་ལྷ་སར་སྤེལ་འགོ་ཚུགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་བཟའ་བཅའ་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཆེ་དགྲ་ལྷས་གསུང་བཤད་གནང་བ་དང་འབྲེལ་བྱེད་སྒོ་སྤེལ་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་ཀྱིས་བྱེད་སྒོ་གཙོ་སྐྱོང་གནང་བ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་བྱེད་སྒོར་ཞུགས་པ་རེད།

ཆེ་དགྲ་ལྷས། རིམ་པ་ཁག་དང་སྡེ་ཚན་ཁག་དང་། ལས་རིགས་ཁག སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་བཟའ་བཅའི་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་བསྲུངས་ནས། བཟའ་བཅའི་བདེ་འཇགས་འགན་ལེན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཤིང་། བློ་བརྟན་འགྱུར་མེད་ངང་བཟའ་བཅའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ།

གནོད་མེད་ཇ་རིགས་ཁྱབ་གདལ་དང་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། “ས་གོ་ལའི་སྣེ་གསུམ་པའི”ས་མཐོའི་ཁྱད་ལྡན་ཐོན་རྫས་ནུས་ཤུགས་ཡོད་རྒུས་གཏོད་པ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་སྦྲེལ་མཐུད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་བཟའ་བཅའི་བདེ་འཇགས་ཀྱི་ཚད་གཞིའི་མ་ལག་མགྱོགས་མྱུར་འཛུགས་པ། “ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་ཁས་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། བློ་བརྟན་འགྱུར་མེད་ངང་བཟའ་བཅའི་བདེ་འཇགས་ཀྱི་ལྟ་འདོམས་ནུས་པ་ཆེ་རུ་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་མངོན་གསལ་དོད་པོ་ཡོང་བ་བྱེད་པ། ཁྲིམས་ལྟར་བཅོས་སྐྱོང་དང་། ཚན་རྩལ་ལ་བརྟེན་ནས་བཅོས་སྐྱོང་། མཉམ་འགུལ་གྱིས་བཅོས་སྐྱོང་བཅས་ལ་ཤུགས་སྣོན་རྒྱག་པ། རིག་ལྡན་བཟའ་བཅའི་བདེ་འཇགས་མ་ལག་མགྱོགས་མྱུར་འཛུགས་པ། ལོ་འཁོར་མོའི་ནང་སློབ་གྲྭའི་ཟ་ཁང་དུ“ཕྱི་གསལ་ནང་གསལ་གྱི་ཐབ་ཚང”ཁྱབ་ཚད་98%ཡན་ཟིན་པ་བཅས་བྱས་ཏེ། འབྱུང་རྩ་ནས་སྔོན་འགོག་ནན་པོ་དང་། བརྒྱུད་རིམ་ལ་དོ་དམ་ནན་པོ། ཉེན་ཁར་ཚོད་འཛིན་ནན་པོ་བཅས་ཐུབ་པར་བྱེད་དགོས། བློ་བརྟན་འགྱུར་མེད་ངང་བཟའ་བཅའི་བདེ་འཇགས་ཀྱི་ཕྱོགས་ཁག་གི་འགན་འཁྲི་དོན་འཁྱོལ་བྱས་ཏེ་སྲིད་གཞུང་གི་ལྟ་འདོམས་དང་། ཁེ་ལས་ཀྱི་རང་གཅུན། སྤྱི་ཚོགས་ཀྱི་ལྟ་སྐུལ་བཅས“ཕྱོགས་གསུམ་གཞི་གཅིག”གི་བཟའ་བཅའི་བདེ་འཇགས་ཀྱི་ལས་ཀའི་རྣམ་པ་ཧུར་ཐག་གཏོད་པ་དང་། ཡིད་རྟོན་གདེང་འཇོག་ལམ་སྲོལ་དང་ལྕག་སྐུལ་ཆད་གཅོད་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། 12315ཐད་སྦྲེལ་ཁ་པར་གྱི་ཐབས་ལམ་ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་པ་བཅས་བྱེད་དགོས། བློ་བརྟན་འགྱུར་མེད་ངང“སྡེར་གཙང་བྱ་སྤྱོད”དར་སྤེལ་གཏོང་བ་དང་། ལུགས་མཐུན་འཛད་སྤྱོད་དར་སྤེལ་ཤུགས་ཆེན་གཏོང་བ། བཟའ་བཅའ་འཕྲོ་བརླག་གཏོང་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས། མི་ཚང་མས་བཟའ་བཅའི་བདེ་འཇགས་ལ་དོ་ཁུར་དང་མི་ཚང་མས་བཟའ་བཅའི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས། གནས་ཀྱིས་ཁྱོན་ལ་སྣེ་ཁྲིད་བྱས་ཏེ་དྲིལ་བསྒྲགས་གཟའ་འཁོར་གྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་ནས་རང་ལྗོངས་ཀྱི་བཟའ་བཅའི་བདེ་འཇགས་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ། ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།