ཉང་ཆུའི་ངོགས་སུ་དམངས་ཕྱུག་གི་རོལ་དབྱངས་དཀྲོལ།

—— ཉིང་ཁྲི་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པའི་སྐོར་བཀོད་པ།

དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་ཚུན། ཉིང་ཁྲི་གྲོང་ཁྱེར་གྱིས“རྗེས་སྙེག”ནས“མཉམ་སྐྱོད”བར་རྒྱལ་ཡོངས་དང་ལྗོངས་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད། ཉིང་ཁྲི་གྲོང་ཁྱེར་གྱིས་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱ་རྒྱུ་དེ་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩིས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་གནད་སྨིན་ཇུས་བསྟར་དང་། དངོས་འཛིན་དངོས་སྒྲུབ། སྐུལ་འདེད་ཤུགས་ཆེན་བཅས་བྱས་ནས་ཉིང་ཁྲིའི་བུ་ཕྲུག་ཁྲི་23.8ཀྱིས་དབུལ་སྒྲོལ་འགག་སྒྲོལ་ཐད་གོམ་པ་བརྟན་པོ་ཞིག་སྤོ་ཐུབ་པ་བྱས་ཡོད།

བདེ་སྐྱིད་ལམ་བུའི་ཐོག་མི་གཅིག་ཀྱང་མ་ལུས་པ་བྱས་པ།

“2015ལོའི་ལོ་མཇུག་ཏུ་ཉིང་ཁྲི་གྲོང་ཁྱེར་གྱིས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་དུད་ཚང་6636གི་མི་22803ལ་གནད་སྨིན་དབྱེ་འབྱེད་བྱས་པས་དབུལ་པོ་ཐོན་ཚད་16.42%ཟིན་ནས་དབུལ་པོ་ཁྱབ་ཚུལ་དོ་སྙོམས་མེད་པ་དེ་གྲོང་ཁྱེར་ཡོངས་ཀྱི་ཤང་དང་གྲོང་རྡལ་54ཡི་གྲོང་ཚོ་དང་གྲོང་ལྷན་490ལ་ཁྱབ་ཡོད། སྐབས་དེ་དུས་ཀྱི་གྲངས་གཞི་དེ་དག་ལས་ང་ལ་གནོན་ཤུགས་ཆེན་པོ་སྤྲད་བྱུང”ཞེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་མཱ་ཧྲེང་ཁྲང་གིས་དྲན་གསོ་བྱེད་བཞིན་དུ་བརྗོད།

དབུལ་ཕོངས་སུ་གྱུར་རྐྱེན་མི་འདྲ་བ་རེ་རེར་ཕྱོགས་སྐབས་ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས“སུ་ལ་རོགས་སྐྱོར་བྱེད་པ”དང“སུ་ཡིས་རོགས་སྐྱོར་བྱེད་པ” “ཇི་ལྟར་བྱས་ནས་རོགས་སྐྱོར་བྱེད་པ” “ཇི་ལྟར་ཕྱིར་འཐེན་བྱེད་པ”སོགས་ལྟེ་བའི་གནད་དོན་ལ་དམ་པོར་དམིགས་ཏེ་དུས་ཚོད་དང་། ལས་འགན། མྱུར་ཚད་བཅས་ཀྱི་གནས་ཚུལ་ལ་བསམ་གཞིག་གིས་ཡུལ་བབ་དང་བསྟུན་ནས“དམིགས་ཚད་གཅིག་ཁ་གསལ་བཟོ་བ་དང་། ལམ་སྲོལ་ཁག་དྲུག་འཐུས་སྒོ་ཚང་དུ་གཏོང་བ། བྱ་ཐབས་ཁག་དགུ་སྤྱོད་པ། བླང་བྱ་ཁག་གསུམ་ནན་པོ་སྲུང་བ”བཅས་ཀྱི“1693”གྱི་གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་གྱི་བསམ་ཕྱོགས་བཏོན་ནས་དུས་ཡུན་ལོ་གསུམ་ནང་མི་འབོར་དབུལ་པོར“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་མངོན་འགྱུར་ཡོང་བའི་བརྩོན་ལེན་བྱས་པ་རེད།

སྲིད་ཇུས་ཀྱི་འདེགས་སྐྱོར་ཡོད་པ་ལས་ཉིང་ཁྲིའི་ས་གཞི་ཆེ་མོའི་དབུལ་སྒྲོལ་འགག་སྒྲོལ་གྱི་གཡུལ་ས་གཙོ་བོའི་ཐོག་འཁྲུག་ཆ་དོད་པའི་རྣམ་པ་ཞིག་མངོན་ཡོད། རྫོང(ཆུས)ཁག་དང་སྡེ་ཚན་ཁག་ནས་ཤང(གྲོང་རྡལ)ཁག་དང་གྲོང་ཚོ(གྲོང་ལྷན)ཁག་བར་དང་། ཏང་ཡོན་ལས་བྱེད་པ་ནས་མི་རིགས་ཁག་གི་མང་ཚོགས་བར་ཚང་མས་ཐོག་མཐའ་བར་གསུམ་དུ་གཡུལ་ས་མདུན་མར་བསྐྱོད་དེ་ཚད་གཞི་དང་ཡང་ཡང་བསྡུར་བ་དང་རང་ཉིད་ཀྱི་འཇོན་ཐང་འདོན་སྤེལ་གང་ལེགས་མངོན་ཡོད། 2020ལོའི་ལོ་མཇུག་ཏུ་ཉིང་ཁྲི་གྲོང་ཁྱེར་གྱི་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་དུད་ཚང་6958ཀྱི་མི་23893ཚང་མ་དབུལ་ཞྭ་ཕུད་ཐུབ་པ་དང་གྲོང་ཚོ(གྲོང་ལྷན)དབུལ་པོ490ཚང་མ་དབུལ་སྒྲོལ་ཐུབ་ནས་དབུལ་པོ་དབུལ་རྐྱང་ཡོངས་སུ་བསལ་བ་རེད། ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་2015ལོའི་ལོ་མཇུག་གི་སྒོར་2855ནས་2020ལོའི་ལོ་མཇུག་གི་སྒོར་ཁྲི་1.3བར་འཕར་ཡོད་པ་རེད། ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཁྲོད་ཉིང་ཁྲི་གྲོང་ཁྱེར་གྱིས་མི་རྣམས་དགའ་འོས་པའི“དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱུགས་ལན”ཕུལ་ཡོད།

གནས་སྤོས་པ་ལས་བྱུང་བའི་བདེ་སྐྱིད་འཚོ་བ།

རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་སྦུ་པ་གྲོང་ཚོ་ནི་ཚ་བ་རོང་ཤང་ནས་སྤོས་པའི་མང་ཚོགས་ལས་གྲུབ་པའི་མཐའ་མཚམས་གྲོང་ཚོ་གསར་པ་ཞིག་ཡིན་པ་དང་གྲོང་ཚོ་དེར་དུད་ཚང་63དང་མི་351ཡོད་པ་རེད།

ཡུལ་མི་ནོར་བུ་རྒྱལ་མཚན་གྱིས“གྲོང་ཚོ་གསར་པར་སྤོས་རྗེས་མི་རེར་ཆ་སྙོམས་རྨོ་ཞིང་མུའུ་གཉིས་བགོས་ཏེ་གྲོང་ཁྱེར་དང་རྫོང་གི་ལག་རྩལ་མི་སྣ་རྟག་ཏུ་གྲོང་ཚོར་ཡོང་ནས་སྤྲེལ་ཁམ་འདེབས་འཛུགས་དང་། རླངས་འཁོར་ཉམས་བཟོ། རྐོ་འདྲུ་འཕྲུལ་འཁོར་གཏོང་བ་སོགས་ཀྱི་དངོས་སྤྱོད་རྩལ་ནུས་གསོ་སྦྱོང་བྱས་བྱུང་། ད་ཆ་གྲོང་ཚོར་སྤྲེལ་ཁམ་འདེབས་འཛུགས་རྟེན་གཞི་བཙུགས་པས་ང་ཚོ་སྒོ་འགྲམ་དུ་ལས་ཞུགས་བརྟན་པོ་ཐུབ་པ་མ་ཟད། ད་དུང་འཕྲོད་བསྟེན་ཁང་དང་གྲོང་ཚོའི་སྨན་པ་ཡོད་པས་ནད་གཞི་བསྟེན་པར་ཧ་ཅང་སྟབས་བདེ་པོ་འདུག”ཅེས་གསར་འགོད་པར་བཤད།

ད་ཆ་ཉིང་ཁྲིའི་ས་གཞི་ཆེ་མོའི་ཐོག་སྐྱོད་སྐབས་གང་སར་མཛེས་སྡུག་ལྡན་པའི་གྲོང་གསེབ་མཐོང་རྒྱུ་ཡོད་ལ་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་ཀྱང་ཚོར་ཐུབ་ཀྱི་ཡོད། མང་ཚོགས་ཀྱིས་རང་རྩོམ་རང་གཏོད་བྱས་པའི་གཏམ་བརྗོད་ཟློས་གར《ད་ཆ་ང་རང་བདེ་སྐྱིད་ལྡན་ཤོས་ཀྱི་དུས་རབས་སུ་འཚོ་བ་སྐྱེལ་བཞིན་ཡོད》ཅེས་པ་དང་། འཁྲབ་ཚན་ཐུང་གྲས《ཐ་སྐྱོང་འཚོ་བ》དང《ཡོད་ཚད་སློབ་མའི་ཆེད་དུ་ཡིན》སོགས་རིག་རྩལ་བརྩམས་ཆོས་གྲགས་ཅན་འཁྲབ་སྟོན་བྱས་ནས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ནམ་ཡང་ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཉིང་ཁྲིའི་བུ་ཕྲུག་ཚོའི་ཡིད་ཆེས་དང་ཆོད་སེམས་མཚོན་པར་བྱས་ཡོད།

སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རིར་གྱུར་པ།

མཱ་ཧྲེང་ཁྲང་གིས“སྔོ་ལྗང་གིས་རྒྱན་པའི་གནས་དེར་ནགས་ཚལ་ཁེབས་ཚད་ལྗོངས་ཡོངས་ཀྱི་ཨང་དང་པོ་ཡིན་པ་དང་རྟག་ཏུ་སྔོ་ཐིང་ངེར་གནས་ཀྱི་ཡོད། དེ་གའི་མཁའ་རླུང་སོས་ལ་ཆུའི་སྤུས་ཚད་ཀྱང་ལེགས་པས་དེ་གར་ཧ་ཅང་སྐྱིད་སྣང་དོད་པ་ཞིག་ཡོད། ལོ་མང་རིང་ང་ཚོས་ཉིང་ཁྲིའི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཐོན་ཁུངས་ལ་གཞིས་ཚུགས་ཏེ་ཁྱད་ལྡན་ཐོན་ལས་དེ་གཙོ་རྒོལ་ཁ་ཕྱོགས་སུ་བྱས་ནས་སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རིར་བསྒྱུར་བའི་ཐབས་ལམ་ནུས་ལྡན་འཚོལ་ཞིབ་ཧུར་ཐག་བྱས་ཡོད”ཅེས་བཤད།

ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་སྔོ་ཞིང་དྭངས་བའི་རི་ཆུ་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་རྩ་བར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་ལྷ་ཉིང་རིམ་མཐོའི་གཞུང་ལམ་དང་རྒྱལ་ལམ་318ཀྱི་ཉིང་ཁྲིའི་དུམ་བུའི་འགྲིམ་འགྲུལ་མ་ལམ་ལམ་རྒྱུད་དང་གཙོ་གནད་མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་མུ་མཐུད་བྱས་པ་དང་། རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར་གཏོད་པར་སྐུལ་འདེད་མགྱོགས་མྱུར་བཏང་བ་དང་། སྐྱེ་ཁམས་སྤྱི་ཕན་ནགས་ཚལ་སྲུང་སྐྱོང་སྲོལ་ཡིག་བཟོས་པ། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་དང་གཙོ་གནད་སྐྱེ་ཁམས་ནུས་པའི་ཁུལ་ཉམས་གསོའི་ལས་དོན་རྒྱུན་མཐུད་ངང་སྤེལ་བ། “གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་ནགས་བཟོ་དང་གཙོ་གནད་ནགས་བཟོའི་འདུ་འགོད་འཛུགས་སྐྲུན་སོགས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་འདུ་འགོད་ལག་བསྟར་བྱས་པས་ནགས་ཚལ་ཁེབས་ཚད་53.6%ཟིན་པ། ཁྲོམ་ར་ཅན་དང་སྣེ་མང་ཅན་གྱི་སྐྱེ་ཁམས་ཁ་གསབ་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱས་ནས་བཟོས་ཏེ་ལོ་ལྟར་རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་ནུས་པ་གཞན་སྒྱུར་གཏོང་སྤྲོད་མ་དངུལ་ཁྲོད་ནས་10%བཏོན་ཏེ་ལས་ཞུགས་ལས་གནས་ཉོས་པ་དང་སྐྱེ་ཁམས་དཔལ་འབྱོར་དང་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་གཏོང་བར་སྐུལ་མ་བཏང་སྟེ་མང་ཚོགས་དེ་བས་མང་བས་སྐྱེ་ཁམས་ལ་བརྟེན་ནས་ལས་ཀ་བྱེད་པ་དང་སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་པར་བྱས་ཡོད།

ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་སྔོ་ཞིང་དྭངས་བའི་རི་ཆུ་ཉིང་ཁྲིའི་མི་སེར་ཚོའི“གསེར་རི་དངུལ་རིར”དངོས་འབྲེལ་འགྱུར་བར་བྱས་ཡོད།

ཉིང་ཁྲི་གྲོང་ཁྱེར་དུ་ད་ཆ་མགྲོན་ཁང་དང་ཨར་ཁང་སྣ་ཚོགས་617དང་། ཁྱིམ་ཚང་མགྲོན་ཁང་637 A5རིམ་པའི་མཛེས་ལྗོངས་ཁུལ་2 A4རིམ་པའི་མཛེས་ལྗོངས་ཁུལ་6 A3རིམ་པའི་མཛེས་ལྗོངས་ཁུལ་3བཅས་ཡོད་པ་དང་། ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་གྲས་འདི་ཉིད་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་དུ་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད་པ་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་3200ལས་བརྒལ་བ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་240ལྷག་ཙམ་ཟིན་ནས“མི་ཡུལ་གྱི་དག་ཞིང·ཡིད་འོང་གི་ཉིང་ཁྲི”སྐད་གྲགས་ཆོད་ཚད་རྒྱུན་མཐུད་ཆེ་རུ་ཕྱིན་ཏེ“བོད་དུ་ཡོང་བའི་ས་ཚིགས་དང་པོའི”ལས་དོན་ཇི་ཙམ་སྤེལ་བ་དེ་ཙམ་གྱིས་ཡག་ཏུ་སོང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།