ལྗོངས་ཡོངས་སུ་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཁྲི40ལྷག་བརྒྱབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  འདི་ལོའི་ཟླ་དང་པོར་བོད་ལྗོངས་ཀྱིས་དུས་མཚམས་དང་པོའི་གཙོ་གནད་མི་ཚོགས་ལ་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་སྤེལ་འགོ་བཙུགས་ཚུན། ལས་དོན་ཁག་གི་འཕེལ་རིམ་བདེ་བླག་བྱུང་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་ལོ་18ཡན་གྱི་མི་ཚོགས་ལ་སྨན་ཁབ་རྒྱག་པའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། ཟླ་6ཚེས་5ཉིན་བར་ལྗོངས་ཡོངས་སུ་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཁྲི་41བརྒྱབ་པ་དང་མི་ཁྲི་7ཙམ་གྱིས་ཁབ་ཐེངས་གཉིས་པ་གཟེད་ཚར་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཡོངས་སུ་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་བདེ་བླག་ངང་སྤེལ་ཆེད། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྨན་ཁབ་རྒྱག་ས་ཁག་གི་སྨན་ཁབ་རྒྱག་མཁན་ལ་དྲ་ཐོག་དང་དྲ་ཕྱི་ནས་གསོ་སྦྱོང་བྱས་ཏེ་རིམས་འགོག་སྨན་ཁབ་རྒྱག་པ་དང་། སྨན་ཁབ་དོ་དམ། བདེ་ཐང་བློ་འདྲི་ཐོ་འགོད་སོགས་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་དང་འབྲེལ་བའི་ཤེས་བྱ་གཙོ་གནད་ཐོག་འགྲེལ་བཤད་བརྒྱབ་ཡོད།

གྲོང་མི་མང་ཚོགས་ཀྱིས་སྨན་ཁབ་གཟེད་རྒྱུར་སྟབས་བདེ་བསྐྲུན་ཆེད། བོད་ལྗོངས་ཀྱིས་ས་ཆ་དངོས་སུ་མངགས་ཐོ་འགོད་པའི་ལམ་ལུགས་ལག་བསྟར་བྱས་ཏེ། སྨན་ཁབ་རྒྱག་ས་ཁག་གིས་སོ་སོའི་སྨན་ཁབ་རྒྱག་ནུས་ལྟར་ཉིན་རེའི་སྨན་ཁབ་རྒྱག་ཚད་ཆུ་ཚོད་གཞིར་བཟུང་བགོ་འགྲེམས་བརྒྱབ་ཡོད་པས་མང་ཚོགས་ཀྱིས་སྔོན་མངགས་དུས་ཚོད་ནང་སྨན་ཁབ་རྒྱག་པར་ཡོང་ཆོག དེ་ལྟར་བྱས་ཚེ་མང་ཚོགས་བང་སྒྲིག་ནས་སྒུག་པའི་དུས་ཚོད་ཐུང་དུ་གཏོང་ཐུབ་པ་མ་ཟད། ད་དུང་སྨན་ཁབ་བདེ་འཇགས་ལྡན་པ་དང་། ལས་ཆོད་ཆེ་བ། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་སྨན་ཁབ་རྒྱག་ཐུབ་པའི་འགན་ལེན་ཡང་བྱེད་ཐུབ། དེ་དང་ཆབས་ཅིག རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རང་འགུལ་ངང་སློབ་གྲྭ་ཁག་དང་ལས་ཁུངས་ཁེ་ལས་བྱ་གཞག་ཚན་པ་སོགས་དང་སྦྲེལ་མཐུད་བྱས་ཏེ། གནས་སྐབས་ཀྱི་སྨན་ཁབ་རྒྱག་ས་བཙུགས་ནས་སྨན་ཁབ་རྒྱག་པའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།