མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དོན་གྲུབ་བཀྲ་ཤིས། ཕོ། བོད་རིགས། གུང་ཁྲན་ཏང་ཡོན། ཀྲུང་གོ་དང་། རྒྱ་གར། ནེ་པ་ལ་བཅས་རྒྱལ་ཁབ་གསུམ་གྱི་ས་མཚམས་ཏེ་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་དུ་སྐྱེས། སྤྱི་ཚོགས་གསར་རྙིང་གི་འགྱུར་ལྡོག་བརྒྱུད་མྱོང་བའི་ཁོང་ཆུང་དུས་ནས་མེས་རྒྱལ་དང་ཏང་ལ་དགའ་ཞེན་ཡོད་ཅིང་། ལོ་17ལ་སླེབས་སྐབས་ཡུལ་དམག་ལ་ཞུགས་པ་དང་ལོ20ལ་སླེབས་སྐབས་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཇག་པ་དང་འཐབ་རྩོད་བྱེད་པའི་ནང་བཅིངས་འགྲོལ་དམག་གི་ལམ་སྣེ་ཁྲིད་མཁན་བྱས་པ་དང་ལོ་ཧྲིལ་པོ་ལྷོ་པ་ཚོགས་ཆུང་གི་མཐའ་མཚམས་སྐོར་གཡེང་གི་ལས་ཀ་བྱས།

2016ལོར་ལོ་67ལ་སླེབས་པའི་ཁོང་གིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ཡོན་རྒན་གྲས་ཤིག་གིས་ཏང་ལ་བཅངས་པའི་ལྷག་བསམ་རྣམ་དག་དང་དགའ་ཞེན་མཚོན་པར་བྱས། ཁོང་གིས་སྤུ་ཧྲེང་རྫོང་ཞི་བདེ་གྲོང་ཚོའི་ལྷོ་པ་ཚོགས་ཆུང་དུ་ཡོད་པའི་རང་ཁྱིམ་གྱི་སྒོ་རར་རྒྱལ་དར་སྒྲེང་ས་བཟོས་ནས་རྒྱལ་དར་སྒྲེང་གི་ཡོད། ཁོང་དང་བཟའ་ཟླ་ཡེ་ཤེས་བཟང་མོས་གཟའ་འཁོར་རེའི་གཟའ་ཟླ་བ་དང་དེ་བཞིན་དུས་ཆེན་དང་། དྲན་གསོའི་ཉིན་མོ། གུང་གསེང་བཅས་སུ་རྒྱལ་དར་སྒྲེང་གི་ཡོད། ཆ་རྐྱེན་འཛོམས་པོ་དེ་ཙམ་མེད་ཀྱང་རྒྱལ་དར་སྒྲེང་བའི་སྐབས་སུ་ཁོང་གཉིས་ཀྱིས་བྱི་དོར་ལེགས་པར་བྱས་ཏེ་གྱོན་ཆས་གསར་པ་གྱོན་པ་དང་ཆབས་ཅིག་སྒྲ་སྐྱེད་འཕྲུལ་ཆས་ནས་རྒྱལ་གླུ་བཏང་སྟེ་རྒྱལ་དར་སྒྲེང་གི་ཡོད། ཡེ་ཤེས་བཟང་མོས“རྒྱལ་དར་བསྒྲེང་རྒྱུ་དེ་ངས་དོན་ཆེན་ཞིག་ལ་བརྩི་གི་ཡོད། ངས་རྒྱལ་དར་སྒྲེང་བའི་གོ་རིམ་གང་འདྲ་ཡིན་མིན་མི་ཤེས་ཀྱང་། སེམས་ནང་ལས་ཀ་དེ་བྱེད་འདོད་ཆེན་པོ་ཡོད། བྱ་སྤྱོད་དེར་བརྟེན་ནས་ངས་ཏང་དང་རྒྱལ་ཁབ་ལ་བཅངས་པའི་བཀའ་དྲིན་དང་དགའ་ཞེན་མཚོན་པར་བྱེད་འདོད་ཡོད། ང་ཚོའི་ད་ཆའི་ཞི་བདེ་དང་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་ནི་ཏང་གི་བཀའ་དྲིན་ལས་བྱུང་བ་ཞིག་ཡིན”ཞེས་བརྗོད།

ད་ཆ་རྒན་ཡོལ་ཞུས་པའི་དོན་གྲུབ་བཀྲ་ཤིས་ཀྱང་ལྷོ་པ་ཚོགས་ཆུང་གི་འོས་འགན་དྲིལ་བསྒྲགས་པ་ཞིག་ཡིན་ཞིང་།ཁོང་གིས་རང་ཉིད་ཀྱི་མྱོང་བ་དངོས་ལ་བརྟེན་ནས་མང་ཚོགས་ལ་སྤྱི་ཚོགས་གསར་རྙིང་གི་འགྱུར་ལྡོག་དང་ཏང་གི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱེད་ཀྱི་ཡོད། ཁོང་གིས་རྒྱུན་དུ“གྲོང་སྡོད་ལས་དོན་རུ་ཁག་གིས་ང་ལ་སྡོད་ཁང་སྐྲུན་རོགས་གནང་བྱུང་། ལོ་ལྟར་ང་དང་བཟའ་ཟླར་སྲིད་ཇུས་ཀྱི་ཁ་གསབ་ཡོང་འབབ་སྒོར་ཁྲི་2.5ལེན་རྒྱུ་ཡོད་ལ། ད་དུང་གྲོང་ཚོའི་མཉམ་ལས་ཁང་ནས་ཀྱང་ཐོབ་ཆ་ལེན་རྒྱུ་ཡོད། ཏང་དང་རྒྱལ་ཁབ་ཀྱི་དམིགས་བསལ་གཟིགས་སྐྱོང་དང་ཐུགས་ཁུར་འོག་ད་ཆ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད། ང་ཚོས་ཕན་པ་གང་ནས་བྱུང་བ་དང་། ཕན་པ་སུ་ལ་འདོགས་མིན། དྲིན་ལན་སུ་ལ་འཇལ་དགོས་མིན་བཅས་ཤེས་པ་བྱེད་དགོས”ཞེས་བརྗོད།

དོན་གྲུབ་བཀྲ་ཤིས་ཀྱིས“ངས་རྒྱལ་དར་བསྒྲེངས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱ་རྒྱུ་ཡིན་ལ། ངས་མུ་མཐུད་མཐའ་འཁྱོངས་བྱ་རྒྱུ་མ་ཟད། ཕྲུ་གུ་ཚོར་ཡང་མུ་མཐུད་མཐའ་འཁྱོངས་བྱེད་དུ་འཇུག་གི་ཡིན”ཞེས་བརྗོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།