བོད་ལྗོངས་ཀྱི་ཞིང་ཕྱུགས་ཐོན་རྫས་ཀྱི་སོན་བཟང་ཁྱབ་ཚད་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ།

139998941_16232432586311n.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཞིང་ལས་ཞིང་སྡེ་ཐིང་གི་གཞི་གྲངས་ལས་མངོན་པར་གཞིགས་ན། 2020ལོར་བོད་ལྗོངས་སུ་ནས་ཀྱི་སོན་བཟང་ཁྱབ་ཚད90%ལ་སླེབས་པ་དང་། ཁྱིམ་བྱ་དང་སྒོ་ཕྱུགས་ཀྱི་རིགས་རྒྱུད་བཟང་བོ་ཁྱབ་ཚད30%ལ་སླེབས་པ། ཚན་རྩལ་གྱིས་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་བྱས་རྗེས་འཇོག་ཚད55.9%ལ་སླེབས་པ་བཅས་རེད། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱིས་ལོ་རེར་ཆ་སྙོམས་ནས་ཀྱི་སོན་བཟང་གསོ་སྤེལ་རྟེན་གཞི་མུའུ་ཁྲི16ཡས་མས་བཀོད་སྒྲིག་བྱས་ཡོད་པ་དང་། རིགས་རྒྱུད་ལེགས་བཅོས་བྱས་པའི་བཞོན་པའི་མགོ་གྲངས་ཁྲི15། རྒྱུད་བཟང་ལུག་མགོ་གྲངས་ཁྲི1.7། འབྲི་གཡག་མགོ་གྲངས5000བཅས་ཁྱབ་གདལ་དུ་བཏང་བས་ཞིང་ཕྱུགས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱུང་ལ་དགའ་འོས་བའི་གྲུབ་འབྲས་ཀྱང་ཐོབ་ཡོད།

139998941_16232433696261n.jpg

པར་འདི་ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་རྫ་ཕུ་གྲོང་ཚོའི་འབྲོག་རར་འབྲོག་པ་བཀྲ་ཤིས་ཀྱིས་འབྲི་གཡག་འདེད་བཞིན་པའི་ཚུལ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་འགའི་རིང་བོད་ལྗོངས་ཀྱིས་ཞིང་ཕྱུགས་ལས་ཚན་རྩལ་གསར་གཏོད་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། ནས་དང་། འབྲི་གཡག བོད་བྱ་སོགས་ཀྱི་རིགས་རྒྱུད་འདེམས་གསོ་དང་རྒྱུད་བཟང་གསོ་སྤེལ་ཁྱབ་གདལ་ཇེ་མགྱོགས་སུ་བཏང་བ། འབྲུ་རིགས་དང་ཕྱུགས་ཁྱུའི་སྒྲིག་གཞི་ཇེ་ལེགས་སུ་བཏང་བ། རྒྱུད་བཟང་གི་ཁ་གསབ་མ་དངུལ་ཇེ་མང་དུ་བཏང་བ། ཞིང་ཕྱུགས་ཐོན་རྫས་ཀྱི་སོན་བཟང་ཁྱབ་ཚད་ཆེ་རུ་བཏང་བ། ཞིང་ཕྱུགས་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་བཅས་དང་ཆབས་ཅིག་ཏུ་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་ཁྲིད་ཀྱང་བྱས་པ་རེད།

139998941_16232433696721n.jpg

པར་འདི་ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་པ་སྣམ་རྫོང་གི་ཞིང་ཁའི་རྣམ་པ་རེད།

ནས་ནི་མཚོ་བོད་མཐོ་སྒང་གི་འབྲུ་རིགས་སྐྱེ་དངོས་གལ་ཆེན་ཞིག་དང་བོད་རིགས་མང་ཚོགས་ཀྱི་རྒྱུན་གཏན་མེད་དུ་མི་རུང་བའི་ཟས་རིགས་ཞིག་ཡིན། ཉེ་བའི་ལོ་འགའི་རིང་། བོད་རང་སྐྱོང་ལྗོངས་ཞིང་ཕྱུགས་ཚན་རིག་ཁང་གིས་ནས་ཀྱི་སོན་བཟང་སྐྱེད་སྲིང་དང་ཁྱབ་གདལ་བཏང་བའི་ནང“བོད་ནས་ཨང2000”ལ་ཐོན་འབབ་མང་བ་དང་ནད་འགོག་ནུས་པ་ཆེ་བ་སོགས་ཀྱི་ལེགས་ཆ་ཡོད་ལ་གཙོ་བོར་ཁྱབ་གདལ་བཏང་བའི་ནས་ཀྱི་སོན་བཟང་ཡིན། 2020ལོར་བོད་ལྗོངས་སུ་ནས་ཀྱི་ཐོན་འབབ་ཏུན་ཁྲི79.5ལ་སླེབས་པ་དང་ནས་ཞིང་མུའུ་རེའི་ཐོན་ཚད2015ལོ་དང་བསྡུར་ན་སྤྱི་རྒྱ16.6འཕར་ཡོད།

139998941_16232433697161n.jpg

པར་འདི་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་རྡལ་གྱི་གྲོང་མིས་སྒོ་ང་བསྡུ་ཉར་བྱེད་བཞིན་པའི་རྣམ་པ་རེད།

རྒྱུས་ལོན་བྱུང་བར་གཞིགས་ན། “གངས་ལྗོངས་ཁྱིམ་བྱ་དཀར་པོ”ཡི་གཟའ་འཁོར72ནང་སྒོ་ང་ཐོན་ཚད206ནས209བར་སླེབས་པ་དེ་བོད་བྱ་ལས99ནས102བར་ཇེ་མང་དུ་ཕྱིན་པ་དང་། མཐོ་སྒང་གི་སྒོ་ང་རུམ་འགྱུར་ཚད75%ཡན་ཟིན་ཡོད། “ཁྱིམ་བྱ་འདི་རིགས་ལ་སྒོ་ང་གཏོང་ཚད་མང་བ་དང་། མཐོ་སྒང་གི་མིས་ཐབས་ལ་བརྟེན་ནས་བྱ་ཕྲུག་སྙོལ་ཚད་མཐོ་བ་བཅས་ཀྱི་ཁྱད་ཆོས་ལྡན་པས་ས་བབ་མཐོ་བའི་ས་ཁུལ་ལ་འོས་འཚམ་ཡིན་པའི་ཁྱིམ་བྱའི་རིགས་རྒྱུད་ལེགས་པོ་མཁོ་འདོན་བྱས་ཡོད།”ཅེས་བོད་རང་སྐྱོང་ལྗོངས་ཞིང་ཕྱུགས་ཚན་རིག་ཁང་ཕྱུགས་རིགས་སྨན་བཅོས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་མ་ཞུའེ་དབྱིང་གིས་དེ་ལྟར་བཤད།

139998941_16232433697611n.jpg

པར་འདི་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚྭ་རགས་གྲོང་ཚོའི་ཞིང་པས་འཕྲུལ་ཆས་ལ་བརྟེན་ནས“བོད་ནས་ཨང2000”འདེབས་འཛུགས་བྱེད་བཞིན་པའི་ཚུལ་རེད།

གསར་འགོད་པས་བོད་རང་སྐྱོང་ལྗོངས་ཞིང་ལས་ཞིང་སྡེ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་ཀྱིས་ནས་ཀྱི་སོན་བཟང་གསར་པ་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་བཏང་ནས་འབྲི་གཡག་དང་། བོད་ལུག བོད་ཕག བོད་བྱ་སོགས་ཀྱི་རིགས་རྒྱུད་བཟང་བོར་སྲུང་སྐྱོང་དང་བེད་སྤྱོད་མུ་མཐུད་བྱས་ཏེ། 2025ལོར་ནས་ཀྱི་སོན་བཟང་ཁྱབ་ཚད95%ལ་སླེབས་པ་དང་ཕྱུགས་རིགས་ཀྱི་རིགས་རྒྱུད་བཟང་བོ་ཁྱབ་ཚད40%ཡན་ལ་བསླེབ་རྒྱུ་རེད།  །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།