རི་ཀླུང་སྔོ་ལྗང་གོས་ཀྱིས་བཀླུབས། སྐྱེ་ཁམས་ཁོར་ཡུག་བཟང་ཞིང་སྐྱིད།

—— 2020ལོའི་ཉིང་ཁྲི་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་སྐོར་གྱི་སྒྲིལ་གླེང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོར། ཉིང་ཁྲི་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྤྱི་འདོམས་བྱས་པ་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཀྱི་དུས་མཚམས་རང་བཞིན་གྱི་དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱས་པ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་བཏང་བ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་བཅག་པ། སྐྱེ་ཁམས་སྲུང་སྐྱོང་སླར་གསོར་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་བརྒྱབ་པ། སྒྱུར་བཅོས་ཟབ་གཏོང་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་བཅས་ལས། མི་དམངས་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཐོབ་སྣང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ལྗང་མདོག་གི་མཐའ་ཚད་དང་སྤུས་ཚད་ལེགས་སུ་ཕྱིན་ཡོད།

རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ།

ཉིང་ཁྲི་གྲོང་ཁྱེར་གྱིས་སྐྱེ་ཁམས་བཅོས་སྐྱོང་དང་ཁོར་ཡུག་གི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ཉང་ཆུའི་ཕྱོགས་བསྡུས་བཅོས་སྐྱོང་དང་སྲུང་སྐྱོང་དང་ཞིང་ནང་ཆུ་བེད་སྒྲིག་བཀོད་ཆུང་གྲས་འཛུགས་སྐྲུན་སོགས་རིགས་ཆེ་གྲས་7གྱི་ཆུ་བེད་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་32ལག་བསྟར་བྱས་པར་མ་དངུལ་སྒོར་དུང་ཕྱུར་6.17བཏང་བ་དང་། ཆུ་ཡུར་སྤྱི་ལེ་85.7བཅོས་སྐྱོང་བྱས་པ། ཆུ་རགས་དང་ཆུ་ངོགས་སྲུང་སྐྱོང་སྤྱི་ལེ་94.63བསྐྲུན་པ། ས་ཆུ་ཤོར་ཁྱོན་སྤྱི་ལེ་ངོས་གྲུ་126.89ཕྱོགས་བསྡུས་བཅོས་སྐྱོང་བྱས་ཡོད། ཁོར་ཡུག་སྲུང་སྐྱོང་གི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་རང་འགུལ་ལྟ་ཞིབ་ཚད་ལེན་ས་ཚིགས་2དང་། རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་ཆུའི་སྤུས་ཚད་རང་འགུལ་ལྟ་ཞིབ་ཚད་ལེན་ས་ཚིགས་1 སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ས་ཚིགས་1བཅས་བསྐྲུན་ཡོད། རྫོང་དང་ཆུས་7ཚང་མར་གད་སྙིགས་སྦས་ས་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། རྫོང་དང་ཆུས་6གི་རྫོང་གྲོང་གི་བཙོག་ཆུ་གཙང་སེལ་དང་བསྡུ་རུབ་མ་ལག་བསྐྲུན་ནས་སྤྱོད་འགོ་ཚུགས་པ། ཤང་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་12སྔོན་ལ་ལག་བསྟར་བྱས་པ། “གྲོང་ཚོས་བསྡུ་རུབ་དང་། ཤང་གིས་སྐྱེལ་འདྲེན། རྫོང་གིས་གཙང་སེལ”བཅས་ཀྱི་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གཙང་སེལ་བྱེད་སྟངས་རགས་ཙམ་ཆགས་ནས་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གནོད་པ་མེད་པའི་སྒོ་ནས་གཙང་སེལ་བྱེད་ཚད་90%ཡན་ཟིན་ཡོད།

སྐྱེ་ཁམས་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བ།

སྐྱེ་ཁམས་གཏོད་འཛུགས་ཐད་ཉིང་ཁྲི་གྲོང་ཁྱེར་གྱིས《སྐྱེ་ཁམས་ཀྱི་སྤྱི་ཕན་ནགས་ཚལ་སྲུང་སྐྱོང་སྲོལ་ཡིག》དང《ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སྲོལ་ཡིག》བཏོན་ཏེ་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་དང་སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོ་ཉམས་གསོའི་ལས་དོན་མུ་མཐུད་སྤེལ་བ་དང་། “གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་དུ་ནགས་བཟོ་དང་གཙོ་གནད་ནགས་བཟོའི་ལས་གྲྭ་འཛུགས་སྐྲུན་སོགས་རྒྱལ་ཁབ་ས་ཆ་སྔོ་འགྱུར་འདུ་འགོད་ལག་ལེན་བསྟར་བ། “འགྲམ་བཞིའི”ཤིང་འཛུགས་དང“དུད་ཚང་ཚང་མར་སྐྱེ་ཤིང་ཡོད་པའི”བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་སྔོ་ཁེབས་མེད་སར་རྩྭ་རྩི་ཤིང་འདེབས་པ་དང་ཕྱོགས་ཡོངས་ནས་སྔོ་ཁེབས་མང་དུ་ཤུགས་ཆེན་བཏང་བས། གྲོང་ཁྱེར་ཡོངས་ཀྱི་ཤིང་འཛུགས་ནགས་གསོ་མུའུ་ཁྲི་3.42ཟིན་པ་དང་། བྱེ་བཅོས་མུའུ་ཁྲི་2.37ཟིན་པ། ཤིང་ནགས་གསོ་ཚད་མུའུ་ཁྲི་10.5བཅས་ཟིན་ཡོད།

སྐྱེ་ཁམས་ལས་དམངས་ལ་ཕན་པ་ཐོབ་པའི་ཐད། ཉིང་ཁྲི་གྲོང་ཁྱེར་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དབུལ་སྒྲོལ་འགག་སྒྲོལ་ཟུང་འབྲེལ་དམ་ཟབ་བྱས་ཏེ་ངལ་རྩོལ་ནུས་ཤུགས་ལྡན་པའི་མང་ཚོགས་དབུལ་པོ་སྔོན་ལ་ནགས་སྲུང་བ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་པ། ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་པ་སོགས་སུ་བཀོད་སྒྲིག་བྱས་པས། ལོ་རེར་ཆ་སྙོམས་མི་ཐེངས་ཁྲི་2ལྷག་ཙམ་ལ་སྐྱེ་ཁམས་ལས་གནས་ནས་ལས་ཀ་རག་པར་ལོར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་3500བྱུང་བ་རེད། ལྷག་པར་དུ་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་སྐྱེ་ཁམས་ཡུལ་སྐོར་ལས་རིགས་དང་སྐྱེ་ཁམས་ཞིང་འབྲོག་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས། གྲོང་ཁྱེར་དེའི་ཞིང་འབྲོག་དུད་ཚང་1500ལྷག་ཙམ་གྱི་མི་ཁྲི་3ལྷག་ཙམ་ཐད་ཀར་སྐྱེ་ཁམས་ཡུལ་སྐོར་ལས་རིགས་སུ་ཞུགས་ཐུབ་པ་དང་། སྐྱེ་ཁམས་ཞིང་ལས་ལས་དུད་ཚང་ཁྲི་1.9ལྷག་ཙམ་གྱི་མང་ཚོགས་ཁྲི་7.8ལྷག་ཙམ་ལ་སྣེ་ཁྲིད་ཐུབ་ཡོད། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ཉིང་ཁྲིའི་མི་རིགས་ཁག་གི་མང་ཚོགས་ཚོ་སྐྱེ་ཁམས་སྲུང་སྐྱོང་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་མཁན་དང་། ཧུར་ཐག་ཞུགས་མཁན། མཐར་ཕན་པ་ཐོབ་མཁན་བཅས་སུ་གྱུར་ཡོད།

སྲུང་སྐྱོང་གི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ།

ཉིང་ཁྲི་གྲོང་ཁྱེར་གྱིས་ཁོར་ཡུག་སྲུང་སྐྱོང་གི“ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་སྔ་རྗེས་སུ《ཉིང་ཁྲིའི་སྐྱེ་ཁམས་ས་ཁུལ་འཛུགས་སྐྲུན་འཆར་འགོད》སོགས་འཆར་འགོད་6དང《ཉིང་ཁྲི་གྲོང་ཁྱེར་གྱི་སྐྱེ་ཁམས་སྤྱི་ཕན་ནགས་ཚལ་དོ་དམ་སྲུང་སྐྱོང་སྲོལ་ཡིག》སོགས་ས་གནས་ཀྱི་ཁྲིམས་སྲོལ་2བཟོས་པ་དང་། 《ཉིང་ཁྲི་གྲོང་ཁྱེར་གྱི་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་བཏང་བའི་འགན་འཁྲི་བདའ་འདེད་གཏོང་བའི་ལག་བསྟར་ཞིབ་སྲོལ》སོགས་ལམ་ལུགས་24བཟོས་ནས་གང་བྱུང་དུ་ཤིང་གཅོད་པ་དང་ནགས་ཚལ་ལ་གཏོར་སྐྱོན་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་བ་མ་ཟད། རང་བྱུང་ནགས་ར་མིན་པའི་འདུ་འགོད་ཁུལ་དང་གཞུང་ཁོངས་ནགས་ར་དང་རང་བྱུང་ནགས་རའི་ཚོང་ལས་རང་བཞིན་གྱི་ཤིང་གཅོད་ཕྱོགས་ཡོངས་ནས་བྱེད་མཚམས་བཞག་པས་རང་བྱུང་ནགས་རའི་ཐོན་ཁུངས་སོར་ཆུད་སྐྱེ་འཕེལ་དང་སླར་གསོ་འཕེལ་རྒྱས་བྱུང་ཡོད། 《བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཏང་བར་གུན་གསབ་སྤྲོད་པའི་ལམ་ལུགས་སྒྱུར་བཅོས་ཀྱི་ལག་བསྟར་ཇུས་གཞི》དོན་འཁྱོལ་ནན་ཏན་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཏང་བར་གུན་གསབ་སྤྲོད་པའི་ལས་དོན་ཧུར་ཐག་སྤེལ་ཡོད། འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་ཤུགས་རྐྱེན་གདེང་འཇོག་དང“དུས་མཚུངས་གསུམ”གྱི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་ལོ་ཧྲིལ་པོར་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་ཤུགས་རྐྱེན་སྙན་ཞུ་1དང་སྙན་ཞུའི་རེའུ་མིག་132ལ་ཞིབ་མཆན་བཀོད་པ་དང་། དྲ་ཐོག་ནས་རྣམ་གྲངས་ཁྱོན་བསྡོམས་1158ཐོ་འགོད་སྙན་སེང་ཞུས་ཡོད།

དྲིལ་བསྒྲགས་དང་ཁྲིད་སྟོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ།

“6·5”འཛམ་གླིང་ཁོར་ཡུག་ཉིན་མོ་དང“6·17”རྒྱལ་ཡོངས་ཐཱན་ཉུང་ཉིན་མོ་སོགས་ཀྱི་བྱེད་སྒོའི་ལས་སྟེགས་བེད་སྤྱོད་གང་ལེགས་བྱས་ཏེ“མཛེས་སྡུག་ལྡན་པའི་ཀྲུང་གོ ང་ནི་བྱ་སྤྱོད་སྤེལ་མཁན་ཡིན”ཞེས་པ་དང་། “ལྗང་མདོག་ཕྱིར་སྐྱོད། ཁོར་ཡུག་སྲུང་སྐྱོང་སྔོན་བསྟར”སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་གཏིང་ཟབ་སྤེལ་བ་མ་ཟད། སྲོལ་རྒྱུན་སྨྱན་སྦྱོར་དང་དྲ་རྒྱའི་སྨྱན་སྦྱོར་གསར་པ་བརྒྱུད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་རྒྱ་ཁྱབ་བྱས་པ་རེད། ཁྲོམ་ར་དང་། སྡེ་ཁུལ། གྲོང་གསེབ། ནགས་ཁུལ་བཅས་ཀྱི་འཐབ་ས་དང་པོར་བསྐྱོད་དེ་འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་། འཕྲིན་ཐུང་བསྐུར་བ། སྐད་འཕྲིན་ལས་སྟེགས། ས་གནས་ས་ཐོག་ཏུ་འགྲེལ་བཤད་རྒྱག་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་སྒྲོག་འགྲེལ་གཏིང་ཟབ་བྱས་པ་དང་། ཡ་རབས་དང་། སྐྱོན་བྲལ། ལྗང་མདོག ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་ཤུགས་ཆེན་བཏང་བ། མང་ཚོགས་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཐོན་ཁུངས་གྲོན་ཆུང་གི་འདུ་ཤེས་ཟབ་ཏུ་གཏོང་བའི་སློབ་གསོ་ཁྲིད་སྟོན་བྱས་པ། ལྗང་མདོག་འཛད་སྤྱོད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་དར་སྤེལ་བཅས་བཏང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།