བོད་རང་སྐྱོང་ལྗོངས་ཁྲལ་དོན་ཁོངས་གཏོགས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་སྐུལ་འདེད་ཏན་ཏིག་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ནས་རྒྱལ་ཡོངས་ཀྱི་ཁྲལ་དོན་ཁོངས་གཏོགས་ལ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་ཟུར་ཁྲིད་འཆད་ཁྲིད་བྱས་པ་རེད། བོད་ལྗོངས་ཡན་ལག་ཚོགས་རར་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཁྲལ་དོན་ཡན་ལག་ཅུས་དང་པོའི་འགན་འཁུར་བ་ཀྲོའུ་ཡོན་ཁྲའོ་ཡིས་འཆད་ཁྲིད་ནན་ཏན་ངང་ཉན་བཞིན་ནང་དོན་གཙོ་བོ་ཁག་ཟིན་བྲིས་རྒྱག་བཞིན་འདུག

“ཁྲལ་དོན་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། ངས་ཏང་གི་ལོ་རྒྱུས་སློབ་གསོའི་སློབ་སྦྱོང་དང་བྱེད་སྒོ་སྣ་ཚོགས་ནང་ཞུགས་པ་མ་ཟད། ལས་ཞོར་དུ་རང་སྦྱོང་བྱས་ཏེ་རྣམ་ཀུན་ནས་རང་ཉིད་ལ་དད་སེམས་བརྟན་དུ་གཏོང་བ་དང་། བློ་སྟོབས་ཆེ་རུ་གཏོང་བ། གཤིས་སྤྱོད་ལེགས་སུ་གཏོང་བ་བཅས་བྱེད་རྒྱུའི་དྲན་སྐུལ་བྱས་ཏེ། ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་གདེང་ཚོད་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག་བཅས་བྱ་རྒྱུ་ཡིན”ཞེས་ཀྲོའུ་ཡོན་ཁྲའོ་ཡིས་གསར་འགོད་པར་བརྗོད་བྱུང་། 

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས“དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་དང་ཟུང་འབྲེལ་དམ་ཟབ་དང་བོད་ཀྱི་ས་ཁོངས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། ཁྲལ་དོན་ལས་རིགས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་པ་དང་། གཏན་འབེབས་བྱ་སྤྱོད་རིམ་བཞིན་དོན་འཁྱོལ། རང་འདེམས་བྱ་སྤྱོད་ལ་ཁྱད་ཆོས་ལྡན་པ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་འཕྲལ་མར་ཚ་རླབས་འཕྱུར་བ་བྱས་ཏེ་ཕྱོགས་ཡོངས་ལ་ཁྱབ་པར་སྐུལ་འདེད་བཏང་བ་རེད།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། རང་སྐྱོང་ལྗོངས་ཁྲལ་དོན་ཁོངས་གཏོགས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས《བོད་ལྗོངས་ཁྲལ་དོན་ཁོངས་གཏོགས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལག་བསྟར་ལས་དོན་ཇུས་གཞི》བཀྲམ་པ་དང་། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་ཁྲལ་དོན་ཅུས་ཚང་མས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས། གོང་འོག་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་པས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ཐུབ་ཡོད། དེ་དང་དུས་མཚུངས་ཆེད་མངགས་སྐད་འཕྲིན་ཚོགས་པ་དང་སྐོར་ཞིབ་མཛུབ་ཁྲིད་ཚོགས་ཆུང་བཞི་བཙུགས་ཏེ། སློབ་སྦྱོང་དང་། དྲིལ་བསྒྲགས། ལྟ་སྐུལ་མཛུབ་ཁྲིད་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་རེད།

རང་སྐྱོང་ལྗོངས་ཁྲལ་དོན་ཁོངས་གཏོགས་ཀྱིས་ད་དུང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་སྐོར་ཞིབ་ཚོགས་ཆུང་དང་མཉམ་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་དང་། “གཉིས་སྐྲུན་གཉིས་སྐུལ”ལས་སྟེགས་སྤྱད་དེ་དམངས་གཉེར་ཁེ་ལས་སུ་བསྐྱོད་པ། ཤར་རྒྱུད་དང་ནུབ་རྒྱུད་ཀྱི་ཁ་གཏད་རོགས་རེས་ལམ་སྲོལ་ལ་བརྟེན་ནས་ཧུའེ་ཀྲོའུ་དང་ཀྲོའུ་ཧྲན་སོགས་ས་གནས་ཁྲལ་དོན་ཅུས་དང་མཉམ་དུ་དྲ་ཐོག་ནས་སློབ་སྦྱོང་བྱས་པས། མཉམ་སྦྲེལ་མཉམ་སྦྱོང་ཐུབ་ནས་སློབ་སྦྱོང་གི་ཧུར་སེམས་འཕེལ་ཡོད། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་ལ་ལྟ་སྐོར་བྱས་པ་དང་། 《ཞིང་བྲན་ལམ་ལུགས་རྩ་གཏོར》སོགས་ཀྱི་གློག་བརྙན་བལྟས་པ། གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་སོགས་ཀྱི་བྱེད་སྒོ་སྤེལ་ཏེ། གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས་ཐོག་མའི་བསམ་འདུན་ལ་སྐུལ་འདེད་བཏང་ཡོད།

“གོམ་སྟབས་རྗེས་མར་ང་ཚོས་ལས་ཀའི་འགན་འཁྲི་སྔར་བས་ནན་དུ་བཏང་ནས་སློབ་སྦྱོང་གཏིང་ཟབ་སྤེལ་བར་སྐུལ་འདེད་གཏོང་བ་དང་། དམངས་ཕན་གྱི་ཕན་འབྲས་ཆེ་རུ་གཏོང་བ། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། བོད་ཀྱི་ཁྲལ་དོན་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་མུ་མཐུད་གཏིང་ཟབ་སྤེལ་བར་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་སྤེན་པ་མཚམས་གཅོད་ཀྱིས་བརྗོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།