བོད་ལྗོངས་ཀྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་རྒྱལ་ཡོངས་སུ་བྲིན་ཁ་རྒྱུག་པ།

༡.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱིས་ཞིང་ཕྱུགས་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་མཐོ་སྒང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་མགྱོགས་མྱུར་ངང་འཕེལ་རྒྱས་བཏང་ཡོད། གཞི་གྲངས་ལས་མངོན་པ་ལྟར་ན། 2020ལོར་བོད་ལྗོངས་ཀྱི་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས162ལ་སླེབས་པ་དང་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར57ཟིན་པ་དེ2015ལོ་ལས་ལྡབ་གཅིག་འཕར་ཡོད། དམའ་རིམ་གྱི་ཞིང་ཞོར་ཐོན་རྫས་འབོར་ཆེན་ལས་སྣོན་ཞིབ་ཚགས་བྱས་རྗེས་སྣ་མང་ཕུན་སུམ་ཚོགས་པའི་ཁྱད་ལྡན་ཐོན་རྫས་སུ་གྱུར་ནས་རྒྱལ་ཡོངས་ཀྱི་ཁྲོམ་རར་བསྐྱོད་ཡོད།

ཆ་སྙོམས་ས་བབ་མཐོ་ཚད་སྨི4300ལྷག་ཟིན་པའི་འདམ་གཞུང་ནི་ལྷ་སར་སྐད་གྲགས་ཆོད་པའི་ཕྱུགས་ལས་རྟེན་གཞི་ཞིག་རེད། འདས་ཟིན་པའི་སྲོལ་རྒྱུན་གྱི་ཚགས་ཤ་ཕྱིར་འཚོང་དང་བསྡུར་ན། འདམ་གཞུང་རྫོང་གིས2015ལོར“ཐོབ་ཐང་ལག་ཁྱེར”ཡོད་པའི་ཚགས་ཤ་ཕྱིར་འཚོང་གི་བྱེད་ཐབས་བཏོན་པ་རེད། 

༢.jpg

པར་འདི་ནི“ཐོབ་ཐང་ལག་ཁྱེར་ཡོད་པའི”ཚགས་ཤའི་ཐོན་རྫས་རེད།

མིག་སྔར། བོད་ལྗོངས་སུ་འབྲི་གཡག་གསོ་སྤེལ་རྟེན་གཞི21བསྐྲུན་པ་དང་ལོ་རེའི་བཤས་གཏོང་བྱེད་ཚད་མགོ་གྲངས་ཁྲི7ལྷག་ཟིན་པ་རེད། སྤུས་ལེགས་ནས་ཀྱི་རྟེན་གཞི་མུའུ་ཁྲི214.4ཟིན་པ་དང་། ལོ་རེར་ནས་ཏུན་ཁྲི80ལྷག་ཐོན་སྐྱེད་བྱེད་བཞིན་ཡོད་པ་མ་ཟད། འབྲི་གཡག་དང་ནས་སོགས་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཏང་བས། པ་སྣམ་གྱི་སྐྱེ་ལྡན་སྔོ་ཚལ་དང་། ལྷུན་རྩེའི་ནས་ནག ཆབ་མདོའི་ཨ་དབང་ལུག ཉིང་ཁྲིའི་བོད་ཕག་སོགས་ཁྲོམ་རའི་འགྲན་རྩོད་ནུས་པ་ལྡན་པའི་ཐོན་རྫས་མང་བོ་ཞིག་ཐོན་ཡོད།

བོད་ལྗོངས་ཀྱི་ཞིང་ཕྱུགས་ཐོན་རྫས་ཀྱིས་མངོན་གསལ་གྱི་མཐོ་སྒང་ཁྱད་ཆོས་དང་དྭངས་གཙང་གི་ཐོན་སྐྱེད་ཁོར་ཡུག་ལ་བརྟེན་ནས་ཁྲོམ་རའི་དགའ་བསུ་ཆེན་པོ་ཐོབ་ཡོད། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སུ་གནས་པའི་བོད་ལྗོངས་ཁྲུན་ཀོང་ཟས་རིགས་ཚད་ཡོད་ཀུང་སིས་མང་ཚོགས་ཀྱི་ལག་ཏུ་ནས་ཉོས་རྗེས་ཀ་ར་དང་། དྲི་ཞིམ་འབྲས། གྲོ་ཞིབ་སོགས་ཁྱད་ལྡན་ཐོན་རྫས་བཅུ་གྲངས་ལས་སྣོན་བྱས་ཏེ། རྒྱལ་ཡོངས་ཀྱི་ས་ཆ་ཁག་ཏུ་ཕྱིར་འཚོང་བྱས་པ་མ་ཟད། ད་དུང་འཇར་པན་དང་། ཧན་གོ བལ་ཡུལ་སོགས་རྒྱལ་ཁབ་ལའང་ཕྱིར་གཏོང་བྱས་མྱོང་ཡོད།

༣.jpg

པར་འདི་ནི་ནས་ལས་སྣོན་བཟོ་གྲྭའི་བཟོ་པས་ནས་འབྲས་ཁུག་མར་ཐུམ་རྒྱག་བཞིན་པའི་ཚུལ་རེད།

ཐོན་ལས་ཕྲེང་འབྲེལ་རྒྱུན་ཆད་མེད་པར་བསྲིང་བ་དེས་རོང་འབྲོག་པའི་ཡོང་འབབ་རྒྱུན་མཐུད་ངང་འཕར་བ་དང་དབུལ་ཐར་གྱི་གྲུབ་འབྲས་ནུས་ལྡན་སྒོས་སྲ་བརྟན་དུ་བཏང་བ་རེད། གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་ལུང་བཟང་གྲོང་ཚོའི་གྲོང་མི་བསྟན་འཛིན་གྱིས་ཉེ་བའི་ལོ་འགའི་རིང་རང་ཁྱིམ་གྱི་འདེབས་འཛུགས་བྱས་པའི་ནས་ས་གནས་ཀྱི་ཐོན་རྫས་ལས་སྣོན་བཟོ་གྲྭར་བཙོངས་བ་ཡིན་ལ། སྣེ་འདྲེན་ཁེ་ལས་དེས་ལོ་རེའི་ནས་ལས་སྣོན་བྱེད་ཚད་ཏུན་ཁྲི10ཡན་ཟིན་ནས་ཀུང་སི་དང་། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་འབྲེལ་གྱི་བྱེད་ཐབས་བརྒྱུད་དེ། མཐའ་འཁོར་གྱི་འདེབས་འཛུགས་དུད་ཚང་ལ་ལོ་རེའི་ཡོང་འབབ་སྒོར་ཁྲི4000ལྷག་འཕར་སྣོན་ཡོང་རྒྱུར་སྐུལ་ཁྲིད་ཐུབ་ཡོད།

ཁྱད་ལྡན་ཞིང་ཞོར་ཐོན་རྫས་ཀྱི་སྤུས་ཚད་མཐོན་པོ་དང་ཚད་གཞི་མཐོན་པོར་འགན་ལེན་བྱ་ཆེད། བོད་ལྗོངས་ཀྱིས་ནས་དང་། འབྲི་གཡག བོད་བྱ། བོད་ཕག བོད་ལུག་སོགས་མཐོ་སྒང་གི་ཁྱད་ལྡན་སོན་རྒྱུའི་ཐོན་ཁུངས་ལ་དམིགས་ནས་འདེབས་འཛུགས་ལས་རིགས་ཀྱི་ཆུ་ཚད་ཇེ་མཐོ་རུ་གཏོང་བའི་ལས་གཞི་ལག་བསྟར་བྱས་པ་དང་། 2025ལོར་ནས་ཀྱི་སོན་བཟང་ཁྱབ་ཚད95%ཟིན་པ་དང་ཕྱུགས་རིགས་དང་བྱ་རིགས་ཀྱི་རྒྱུད་བཟང་ཁྱབ་ཚད40%ཡན་ཟིན་པར་བརྩོན་ལེན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།