རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་གློག་རིན་སྲིད་ཇུས་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་གློག་རིན་སྲིད་ཇུས་བཅོས་སྒྱུར་གཏིང་ཟབ་བྱས་ནས་གློག་རིན་གྱི་ཁེ་སྤོགས་རྒྱུན་མཐུད་ངང་ཐོབ་པ་དང་། ཟླ་དང་པོ་ནས་བཞི་བའི་བར་མངའ་རིས་དང་ཆབ་མདོའི་གློག་སྤྱོད་མཁན་ལ་བསྡོམས་པས་གློག་སྤྱོད་མ་དངུལ་སྒོར་ཁྲི3196ཇེ་དམའ་རུ་བཏང་ཡོད།

རྒྱུས་ལོན་བྱུང་བར་གཞིགས་ན། ཟླ་དང་པོ་ནས་བཞི་བའི་བར་ཆབ་མདོ་གྲོང་ཁྱེར་གྱི་གྲོང་མིའི་འཚོ་བའི་གློག་རིན་ཆན་ཝ་རེར་སྒོར0.03ཆག་ནས་གློག་སྤྱོད་མཁན་གྱི་གློག་གི་མ་གནས་སྒོར་ཁྲི129ཇེ་དམའ་རུ་ཕྱིན་པ་དང་གློག་སྤྱོད་མཁན6307ལྷག་ལ་ཕན་ཐོགས་པ་རེད། མངའ་རིས་ས་ཁུལ་གྱི་གྲོང་མིའི་ཕྱིར་ཚོང་གློག་རིན་དེ་དབུས་རྒྱུད་གློག་དྲའི་གློག་རིན་གྱི་ཆུ་ཚད་དུ་ལེགས་སྒྲིག་བྱས་ནས་གློག་རིན་ཆན་ཝ་རེར་སྒོར0.275དམའ་རུ་བཏང་བ་དང་། སྤྱོད་མཁན་གྱི་གློག་སྤྱོད་མ་གནས་སྒོར་ཁྲི123ཇེ་དམའ་རུ་བཏང་ནས་གློག་སྤྱོད་མཁན1863ལྷག་ལ་ཕན་པ་ཐོབ་ཅིང་། མངའ་རིས་ས་ཁུལ་གྱི་བཟོ་ཚོང་ལས་རིགས་དང་གཞན་དག་གི་གློག་སྤྱོད་རིན་གོང་ཆན་ཝ་རེར་སྒོར1.61ནས་ཆན་ཝ་རེར0.66ལ་ལེགས་སྒྲིག་བྱས་པར་གློག་སྤྱོད་མཁན་གྱི་གློག་གི་མ་གནས་སྒོར་ཁྲི2944ཆག་པ་དང་། གློག་སྤྱོད་མཁན་1818ལྷག་ལ་ཕན་པ་ཐོབ་ཡོད།

མངའ་རིས་དྲ་སྦྲེལ་ལས་གཞི་སྤྱོད་མགོ་ཚུགས་པ་ནས་བཟུང་། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས2021ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་མངའ་རིས་ས་ཁུལ་གྱི་གློག་རིན་སྤྱི་ཡོངས་ནས་ཇེ་དམའ་རུ་བཏང་སྟེ། ལས་རིགས་ཁག་ལ་གློག་རིན་སྲིད་ཇུས་ཀྱི་ཕན་པ་ལོངས་སྤྱོད་བྱེད་དུ་བཅུག་པ་དང་ཆབས་ཅིག་ཏུ་གྲོང་མི་ཚོར་གློག་ཤུགས་ཀྱི་ཐོབ་སྣང་དངོས་ཚོར་དུ་བཅུག གློག་དྲ་ཆེན་པོར་སྦྲེལ་མཐུད་ཐུབ་པ་དང་བསྟུན་ནས་གློག་རིན་ཇེ་དམའ་རུ་ཕྱིན་པས་ཟླ་དང་པོ་ནས་བཞི་བའི་བར་མངའ་རིས་ས་ཁུལ་གྱི་གློག་འཚོང་ཚད་ལོ་གོང་མའི་དུས་མཉམ་ལས79.77%འཕར་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།