བོད་ལྗོངས་ཀྱིས་གྲོང་གསེབ་ཀྱི་གཙང་སྦྲའི་བྱ་སྤྱོད་རྒྱུན་མཐུད་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་བརྟན་དུ་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པ་དང་ཆབས་ཅིག “གཙང་སེལ་བཞི་དང་བཅོས་སྒྲིག་གཉིས”ཀྱི་ལས་འགན་བསྒྲུབ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་ཆེད། བོད་ལྗོངས་ཀྱི་ས་གནས་ཁག་གིས་གྲོང་གསེབ་ཀྱི་གཙང་སྦྲའི་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་ནས་སྐྱེ་ཁམས་སྡོད་མལ་ལ་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་སྐྲུན་མགྱོགས་སུ་གཏོང་བ་དང་། གྲོང་གསེབ་ནང་གད་སྙིགས་གང་བྱུང་དུ་མི་དབྱུགས་པ། གསང་སྤྱོད་ཁྱབ་རྒྱུ་རིམ་བཞིན་མང་དུ་གཏོང་བ། ཅ་དངོས་ཙག་ཙིག་གྲལ་འགྲིག་པོར་འཇོག་པ། ཁང་པའི་རྒྱབ་མདུན་གཙང་ལ་གྲལ་འགྲིག་པ་བཅས་བྱས་ཡོད།

བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་སྤྱི་ཚོགས་བྱ་གཞག་ཁྲུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་ཀྱིས“གཙང་སེལ་གསུམ་དང་བཅོས་སྒྲིག་གཅིག”གི་རྨང་གཞིའི་ཐོག“གཟན་རྩྭ་གང་བྱུང་དུ་སྤུང་བ་གཙང་སེལ་དང་མི་ཕྱུགས་མཉམ་སྡོད་ཀྱི་རྣམ་པར་འགྱུར་ལྡོག་གཏོང་བའི”ནང་དོན་ཁ་སྣོན་བརྒྱབ་པས། བོད་ཀྱི་ཁྱད་ཆོས་ལྡན་པའི“གཙང་སེལ་བཞི་དང་བཅོས་སྒྲིག་གཉིས”ཀྱི་བྱ་སྤྱོད་ཇུས་གཞི་གྲུབ་ཡོད། 2021ལོའི་ཟླ་4པ་བར། ལྗོངས་ཡོངས་ཀྱིས་ཁྱོན་གྲོང་གསེབ་ཀྱི་ཁྱིམ་ཚང་གསང་སྤྱོད་4746ལ་སྒྱུར་བཀོད་བྱས་པ་དང་གྲོང་གསེབ་ཀྱི་ཁྱིམ་ཚང་གསང་སྤྱོད་ཁྱབ་ཚད་49.45%ཟིན་ཡོད་པ་རེད།

བསྡོམས་རྩིས་བྱས་པར་གཞིགས་ན། གྲོང་གསེབ་ཀྱི་བཙོག་ཆུ་ཕྱིར་འབུད་དང་གཙང་བསིང་ཐད་ལྗོངས་ཡོངས་ཀྱི་གྲོང་ཚོ་276ལ་བཙོག་ཆུ་ཕྱིར་འབུད་ཀྱི་མདོང་ལམ་དྲ་བ་བཙུགས་པ་དང་། གྲོང་ཚོ་438ལ་གཅིག་སྡུད་རྣམ་པ་དང་ཁ་ཐོར་རྣམ་པ་སོགས་ཀྱི་འཚོ་བའི་བཙོག་ཆུ་གཙང་བསིང་གི་སྒྲིག་ཆས་བཙུགས་པ། གྲོང་ཚོ་306གི་དྲི་ངན་ཅན་གྱི་ཆུ་རྙོག་གཙང་བསིང་བྱས་པ་མ་ཟད་རྩིས་ཁྲ་ཡང་བཙུགས་པ། གྲོང་ཚོ་1195ཡི་བཙོག་ཆུ་གཙང་བསིང་དང་གསང་སྤྱོད་སྒྱུར་བཀོད་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་བ། གྲོང་ཚོ་436ལ་ས་ཁོངས་དེའི་ཁྱད་ཆོས་དང་འཚམ་པའི་འཚོ་བའི་བཙོག་ཆུ་གཙང་བསིང་གི་ལག་རྩལ་སྤྱད་པ། གྲོང་ཚོ་1733གྱི་འཚོ་བའི་བཙོག་ཆུ་གང་བྱུང་དུ་ཕྱིར་འབུད་བྱེད་པར་དོ་དམ་ཚོད་འཛིན་བྱས་ཡོད།

མིག་སྔར་ལྗོངས་ཡོངས་ཀྱི་གྲོང་ཚོ་5239ཡིས་ཞིང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུ་དེ་གྲོང་སྲོལ་དམངས་ཆིངས་ནང་བཅུག་པ་དང་། གྲོང་ཚོ་4482ལ་གཙང་སྦྲའི་ལམ་ལུགས་བཙུགས་པར་གྲོང་ཚོར་གཙང་སྦྲ་བ་44072ཟིན་པ། གྲོང་ཚོ་228ལ་ཆེད་ལས་ཅན་དང་ཁྲོམ་ར་ཅན་གྱི་གཉེར་སྐྱོང་དོ་དམ་བྱས་པ། གྲོང་ཚོ་145ལ་མཛེས་སྡུག་ལྡན་ལ་སྡོད་མལ་ལ་འཚམ་པའི་དཔེ་སྟོན་གྲོང་ཚོ་འཛུགས་གཏོད་བྱེད་སྒོ་སྤེལ་བ། ལྗོངས་ཡོངས་ཀྱི་ས་བབ་མཐོ་ཚད་སྨི་4300མན་གྱི“ལྗོན་ཤིང་མེད་པའི་གྲོང་ཚོ”1079དང“ལྗོན་ཤིང་མེད་པའི་དུད་ཚང”ཁྲི་10.5ལ་ལྗོན་ཤིང་ཡོད་པར་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།