བོད་ལྗོངས་ཀྱིས་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་བཅོས་སྒྱུར་ལ་ཤུགས་སྣོན་རྒྱག་དགོས་པའི་བསམ་འཆར་བཏོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་པར་འགྲེམས་བྱས་པའི《རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་བཅོས་སྒྱུར་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་འགའ》ཡི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་བོད་ལྗོངས་ཀྱི་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་བཅོས་སྒྱུར་སྔར་བས་གཏིང་ཟབ་ཏུ་གཏོང་ཆེད། ཉེ་ཆར། བོད་རང་སྐྱོང་ལྗོངས་ཏང་ཨུ་གཞུང་དོན་ཐིང་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས《རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་བཅོས་སྒྱུར་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》པར་འགྲེམས་བྱས་པ་རེད།

《བསམ་འཆར》ནང་བསྟན་དོན། བོད་ལྗོངས་ཀྱི་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་བཅོས་སྒྱུར་གྱི་སྤྱིའི་དམིགས་ཚད་ནི2025ལོའི་བར་ཡིན་ལ། བོད་ལྗོངས་ཀྱི་རིག་དངོས་ལ་ཁྲིམས་ལྟར་སྲུང་སྐྱོང་བྱེད་པའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་བ་དང་། སྲུང་སྐྱོབ་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་ཇེ་ལེགས་སུ་གཏོང་བ། བདེ་འཇགས་འགན་ལེན་གྱི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ། གསར་བརྗེའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་ལ་སྐུལ་འདེད་ནུས་ལྡན་གཏོང་བ། ཚན་རྩལ་གྱི་འདེགས་སྐྱོར་མངོན་གསལ་དུ་གཏོང་བ། གནའ་རྫས་རྟོག་ཞིབ་དང་ལོ་རྒྱུས་ཞིབ་འཇུག་རྒྱུན་ཆད་མེད་པར་གཏིང་ཟབ་བྱེད་པ། སྤྱི་པའི་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་བ་བཅས་བྱས་ནས་རིག་དངོས་ཁྱབ་ཁོངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བ་དང་། རིག་དངོས་ཐོན་ཁུངས་ཀྱི་བྱེད་ནུས་གལ་ཆེན་སྔར་བས་མངོན་གསལ་དོད་པོར་གཏོང་རྒྱུ་དེ་རེད།

《བསམ་འཆར》ནང་ཕྱོགས་བཅུ་བཞིའི་ཐད་ཀྱི་ལས་འགན་གཙོ་བོ་ཁ་གསལ་བྱས་ཡོད་དེ། སོ་སོར་གནའ་རྫས་རྟོག་ཞིབ་དང་ཞིབ་འཇུག་བྱ་རྒྱུ་གཏིང་ཟབ་ཏུ་བཏང་ནས་ཀྲུང་ཧྭའི་དཔལ་ཡོན་གྱི་མཚོན་རྟགས་མ་ལག་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། རིག་དངོས་བརྟག་དཔྱད་ལ་ཤུགས་སྣོན་བརྒྱབ་ནས་རིག་དངོས་ཐོན་ཁུངས་རྒྱུ་ནོར་དོ་དམ་ལམ་སྲོལ་འཛུགས་དགོས། སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་རིག་དངོས་སྲུང་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་རིག་དངོས་ཁྲིམས་འཛིན་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་རིག་དངོས་བདེ་འཇགས་ཀྱི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། གསར་བརྗེའི་གཞི་རྩ་རྒྱུན་འཛིན་བྱས་ཏེ་གསར་བརྗེའི་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་མ་ལག་འཐུས་ཚང་དུ་གཏོང་དགོས། རྟེན་རྫས་བཤམས་མཛོད་ཁང་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་པའི་རིག་གནས་ཞབས་ཞུའི་ནུས་པ་འཐུས་ཚང་དུ་གཏོང་དགོས། བྱེད་སྟངས་དང་བྱེད་ཐབས་གསར་གཏོད་བྱས་ཏེ་རིག་དངོས་ཀྱི་རིན་ཐང་ཁྱབ་སྤེལ་དང་ཁྱབ་གདལ་གཏོང་བའི་མ་ལག་འཐུས་ཚང་དུ་གཏོང་དགོས། ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་རིག་དངོས་ལུགས་མཐུན་ངང་སྤྱོད་རྒྱུར་སྐུལ་འདེད་གཏོང་བ་དང་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་སྐྱེད་དུ་གཏོང་དགོས། རིག་དངོས་སྤེལ་རེས་དང་མཉམ་ལས་གཏིང་ཟབ་བྱས་ཏེ་ལག་རྩལ་གསར་གཏོད་ཀྱི་གྲུབ་འབྲས་བེད་སྤྱོད་བྱེད་པ་དང་རིག་དངོས་ཁྱབ་ཁོངས་ཀྱི་ཚན་རྩལ་ཆུ་ཚད་མཐོ་རུ་གཏོང་དགོས། ཕྱོགས་ཁག་གི་སྟོབས་ཤུགས་ཟླ་སྒྲིལ་བཏང་ནས་སྤྱི་ཚོགས་ལ་ཞུགས་པའི་ལམ་སྲོལ་འཛུགས་དགོས། གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཤེས་ལྡན་མི་སྣའི་ལམ་སྲོལ་འཛུགས་དགོས། དོ་དམ་མ་ལག་འཐུས་ཚང་དུ་བཏང་ནས་རིག་དངོས་སྲུང་སྐྱོབ་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།

《བསམ་འཆར》ནང་རིམ་པ་ཁག་གི་སྡེ་ཚན་ཁག་གིས་རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ས་གནས་ཀྱི་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ། ལྟ་སྐུལ་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ། སྤྱི་འདོམས་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ལ་ཁྲིམས་སྐྱོང་གི་འགན་ལེན་འདོན་སྤྲོད་བྱེད་པ་དང་རིག་དངོས་བྱ་གཞག་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས་པའི་བླང་བྱ་བཏོན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།