བོད་རང་སྐྱོང་ལྗོངས་གྲོང་གསེབ་དར་སྤེལ་ཅུའུ་ཡི་སྒོ་བྱང་བཀལ་བ།

088889a668fc4f23a5695d5024e88ef0.jpeg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས28ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་གྲོང་གསེབ་དར་སྤེལ་ཅུའུ་ཡི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ་བ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡུང་ཙེ་ཡིས་བོད་རང་སྐྱོང་ལྗོངས་གྲོང་གསེབ་དར་སྤེལ་ཅུའུ་ཡི་སྒོ་བྱང་གི་ཡོལ་བ་ཕྱེས་པ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་ལས་དོན་དང་བོད་ལྗོངས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་དང་། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་ཐར་གྱི་གཞི་རྩའི་མཛད་ཇུས་མཐའ་འཁྱོངས་བྱས་པ། འགན་འཁྲི་གཙང་སྒྲུབ་དང་འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ་དབུལ་ཐར་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་དུས་བཅད་ལྟར་ལེགས་སྒྲུབ་བྱས་ཤིང་། བསྟུད་མར་ལོ་ལྔའི་རིང་ཏང་ཀྲུང་དབྱང་གིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་ལ་དཔྱད་ཞིབ་བྱས་པར“ཕྱོགས་བསྡུས་གདེང་འཇོག་ལེགས་པོ”བྱས་ཡོད་པས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད།

ཀྲུང་དབྱང་སྒྲིག་ཁོངས་ཨུ་ལྷན་གཞུང་ལས་ཁང་གི་མཆན་འགོད་བཀའ་ལན་ཐོབ་པ་བརྒྱུད། བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་དེ་ཉིད་བོད་རང་སྐྱོང་ལྗོངས་གྲོང་གསེབ་དར་སྤེལ་ཅུའུ་ལ་བསྐྱར་འཛུགས་བྱ་རྒྱུ་དང་། རང་སྐྱོང་ལྗོངས་སྲིད་གཞུང་གི་ཐད་གཏོགས་སྒྲིག་གཞིར་བསྒྱུར་ནས། ཚད་གཞི་ཐིང་རིམ་པ་ཡིན་ལ། བོད་རང་སྐྱོང་ལྗོངས་ཞིང་ལས་ཞིང་སྡེ་ཐིང་གིས་གཅིག་གྱུར་མགོ་ཁྲིད་དང་དོ་དམ་བྱ་རྒྱུ་དང་། དེ་སྔོན་གྱི་བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་སོར་འཇོག་བྱ་རྒྱུ་མིན་པ་རེད།

བོད་རང་སྐྱོང་ལྗོངས་གྲོང་གསེབ་དར་སྤེལ་ཅུའུ་ཡི་སྒོ་བྱང་བཀལ་བ་དེ་ནི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་ནས་གྲོང་གསེབ་དར་སྤེལ་ལ་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དང་། དེས་བོད་ལྗོངས་འདི་ཉིད་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་བླངས་པ་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་སུ་སྒྱུར་བ་མཚོན་ཡོད།རང་སྐྱོང་ལྗོངས་གྲོང་གསེབ་དར་སྤེལ་ཅུའུ་ཡི་འགན་འཁུར་བློ་མཐུན་གྱིས་སེམས་ནུས་གཅིག་སྒྲིལ་གྱིས་ལས་དོན་ཏན་ཏིག་གིས་བསྒྲུབས་ཏེ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དེ་གྲོང་གསེབ་དར་སྤེལ་འཐབ་ཇུས་ལ་སྤྱི་འདོམས་དང་སྐུལ་འདེད་བྱེད་པའི་འགན་འཁྲི་དང་ལས་འགན་མཐའ་གཅིག་ཏུ་ལག་བསྟར་བྱ་རྒྱུ་ཡིན་ཞེས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།