བོད་ལྗོངས་ཀྱི་ས་གནས་ཁག་དང་ཚན་པ་ཁག་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན།  བོད་ལྗོངས་ཀྱི་ས་གནས་ཁག་དང་ཚན་པ་ཁག་གིས་སློབ་སྦྱོང་སྟེགས་བུ་ཧུར་ཐག་གཏོད་པ་དང་སློབ་སྦྱོང་བྱེད་སྟངས་གསར་གཏོད་བྱས་ཏེ།  ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་གཏན་འཁེལ་བྱེད་སྒོ་སྟོང་ཆ་མི་ལུས་པ་དང་བཟོ་ལྟ་མི་ཤོར་བར་འགན་ལེན་བྱེད་པ་དང་།  རང་འདེམས་བྱེད་སྒོར་གསར་གཏོད་དང་ཕན་འབྲས་ཐོན་པ་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་དང་གཏིང་ཟབ་སྤེལ་ཡོད།

ཉིན་ཤས་གོང་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྲིད་གྲོས་ཀྱིས་གཙོ་གཉེར་བྱས་པའི་ཨུ་ཡོན་ནས།  ལག་གདང་སྦྲེལ་ཏེ་ནམ་ཡང་ཏང་གི་རྗེས་སུ་འབྲང་བ་ཞེས་པའི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཉིང་ཁྲི་གྲོང་ཁྱེར་དུ་སྤེལ་བ་རེད།  ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྲིད་གྲོས་ཀྱི་ཨུ་ཡོན་རིན་ཆེན་ཚེ་འཕེལ་ནས།  སྲིད་གྲོས་ཨུ་ཡོན་ཞིག་གི་ངོས་ནས་ངས་ཆབ་སྲིད་གྲོས་མོལ་ནང་ཧུར་ཐག་ཞུགས་ཏེ།  རང་འགན་གཙང་སྒྲུབ་ངང་ཉེ་འཁོར་མང་ཚོགས་སྣེ་ཁྲིད་དེ་བརྟན་ལྷིང་དང་གོང་འཕེལ་ཡོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས།

མཉམ་གཞས་དང་ཞབས་བྲོ།  གྱེར་འདོན།  ཏང་གི་ལོ་རྒྱུས་ཤེས་བྱའི་དྲི་བ་དྲིས་ལན་སོགས་རིགས་ཁག་གི་ལེ་ཚན་གཉེར་བ་དང་།  གསར་བརྗེའི་གླུ་གཞས་རེ་རེའི་ཐོག་ནས་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་ཞབས་བྲོ་རེ་རེའི་ཐོག་ནས་འཚོ་བ་གསར་པ་མངོན་པར་བྱས་ཤིང་།  རི་མོའི་བརྩམས་བྱ200ལྷག་ཙམ་ཐོག་ནས་མཛེས་སྡུག་ལྡན་པའི་རི་ཆུ་དང་སྟོབས་འབྱོར་མངའ་ཐང་རྒྱས་པའི་མེས་རྒྱལ་མིག་ལམ་དུ་བཤམས་ཡོད།

ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་ཐོག་མཐའ་བར་གསུམ་དུ་དམངས་ཀྱི་ཆེད་དུ་དོན་དངོས་བྱ་བ་སྒྲུབ་པ་དང་མང་ཚོགས་ཀྱི་རེ་འདུན་ཉན་རྒྱུ་དེ་ལས་ཀའི་གཙོ་གནད་ལ་རྩིས་ཏེ།  དམངས་ཀྱི་ཆེད་དུ་དོན་དངོས་བྱ་བ་སྒྲུབ་པའི་མཐའ་མའི་འགག་གནད་ཧུར་ཐག་སྒྲོལ་བ་དང་།  མལ་གྲོ་གུང་དཀར་རྫོང་མང་ཚོགས་ཀྱི་ཐག་གཅོད་ཐུབ་རེ་ཆེ་ཤོས་བྱེད་པའི་གནད་དོན་དང་མཐོང་མི་འདོད་པའི་གནད་དོན།  སྒྲུབ་ཁག་ཤོས་ཀྱི་གནད་དོན་བཅས་ཀྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་བཟོས་ཏེ།  མ་དངུལ་སྒོར་དུང་ཕྱུར1.5བཀོད་སྒྲིག་བྱས་ནས་དམངས་འཚོའི་ལས་གཞི296ལག་བསྟར་བྱས་པ་མ་ཟད།  བོད་སྐྱོར་མ་དངུལ་ཁྲི་ཚོ3845བསྡུ་སྒྲིག་བྱས་ཏེ་དམངས་འཚོའི་བྱ་བ105ལག་བསྟར་བྱས་པ་རེད།

རྫོང་དཔོན་གཞོན་པ་ལའེ་ཆིན་སུང་ནས།  མང་ཚོགས་ཀྱི་ཆེད་དུ་བྱ་བ་སྒྲུབ་པ་དང་དཀའ་གནད་ཐག་གཅོད་བྱས་ཏེ་ཏན་ཏན་ཏིག་ཏིག་གི་སྒོ་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱས་ཏེ་རྒྱ་ཆེའི་མང་ཚོགས་ལ་ཐོབ་སྣང་དེ་བས་མང་བ་ཡོང་བ་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།
ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ནང་ལྷོ་ཁའི་མཐའ་མཚམས་དོ་དམ་ཡན་ལག་རུ་ཁག་གིས།  ཐོག་མའི་བསམ་འདུན་མ་བརྗེད་པར་ཏང་གི་རྗེས་སུ་འབྲང་བ་དང་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ནས།  བྱས་རྗེས་གསར་པ་འཇོག་རྒྱུའི་བརྗོད་དོན་གཙོ་བོའི་ལེགས་སྦྱར་འགྲན་བསྡུར་བྱས་པ་དང་།  མེས་རྒྱལ་གྱི་མཐའ་མཚམས་བརྟན་སྲུང་བྱེད་མཁན་མི་དམངས་ཉེན་རྟོག་པ་དགུས་རང་ངོས་ཀྱི་མྱོང་བ་དང་ཟུང་འབྲེལ་བྱས་ཏེ།  བྱ་བ་ཆུང་ངུའི་ཐོག་ནས་བརྩེ་ཞེན་ཆེ་མོ་མངོན་པར་བྱས་པ་དང་དུས་རབས་གསར་པའི་གནས་སྤོས་ཡུལ་མིའི་ཉེན་རྟོག་པའི་འགན་འཁྲི་གསོན་ཉམས་དོད་པོས་གསལ་འགྲེལ་བྱས་ཡོད།

མི་དམངས་ཉེན་རྟོག་པ་ཡུས་ཧའོ་ནས།  ཏང་ཡོན་གྱི་ཚད་གཞི་མཐོ་ཤོས་ལྟར་རང་ཉིད་ལ་བླང་བྱ་བཏོན་ཏེ་མེས་རྒྱལ་མཐའ་མཚམས་ཀྱི་རྩྭ་རྩེ་ཤིང་རེ་རེ་ཡག་པོ་སྲུང་ནས།  རྒྱུན་ཆད་མེད་པར་མེས་རྒྱལ་མཐའ་མཚམས་ས་གནས་ཀྱི་བདེ་འཇགས་བརྟན་ལྷིང་དང་དཔལ་འབྱོར་རྒྱུན་མཐུད་གོང་འཕེལ་ཡོང་རྒྱུར་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།