བོད་ལྗོངས་ཀྱིས་བཟའ་བཏུང་འཕྲོ་བརླག་གཏོང་བར་བཀག་འགོག་མཐའ་གཅིག་ཏུ་བྱེད་པའི་ལག་བསྟར་ཇུས་གཞི་བཏོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རང་སྐྱོང་ལྗོངས་ཚོང་དོན་ཐིང་དང་། འཕེལ་སྒྱུར་ཨུ་ལྷན། སློབ་གསོ་ཐིང་། གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་སོགས་སྡེ་ཚན་14ཡིས་མཉམ་དུ་བཟའ་བཏུང་འཕྲོ་བརླག་གཏོང་བར་བཀག་འགོག་མཐའ་གཅིག་ཏུ་བྱེད་པའི་ལག་བསྟར་ཇུས་གཞི(གཤམ་དུ“ཇུས་གཞི”ཞེས་བསྡུ་རྒྱུ)བཀྲམ་ཞིང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་ལས་ཁུངས་དང་། མི་དམངས་ཚོགས་པ། ཁེ་ལས་བྱ་གཞག་ཚན་པ(གཤམ་དུ“ལས་ཁུངས་བྱ་གཞག་ཚན་པ”ཞེས་བསྡུ་རྒྱུ)བཅས་ལ་བྱེད་ཐབས་ནུས་ལྡན་སྤྱད་དེ། ཧུར་བསྲི་གྲོན་ཆུང་བྱས་ནས་བཟའ་བཏུང་འཕྲོ་བརླག་གཏོང་བར་བཀག་འགོག་མཐའ་གཅིག་ཏུ་བྱེད་པའི་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་བཟའ་བཏུང་འཕྲོ་བརླག་གཏོང་བའི་བྱེད་སྤྱོད་གཏན་འགོག་བྱེད་པ། སྤྱི་ཚོགས་ཡོངས་ལ་བཟའ་བཏུང་གྲོན་ཆུང་གི་གྲོས་འགོའི་ཡི་གེ་སྤྲིངས་པ། དམངས་ཡོངས་ཀྱིས་གྲོན་ཆུང་བྱེད་རྒྱུ་དེ་ཁྱིམ་ཚང་དང་། སྡེ་ཁུལ། གྲོང་གསེབ། ལས་ཁུངས་སོགས་ལ་ཁྱབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་ཁ་ལག་གྲོན་ཆུང་དང་འཕྲོ་བརླག་གཏན་འགོག་གི་ཟས་སྤྱོད་ཀྱི་དར་སྲོལ་གསར་པ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས།

ཇུས་གཞིའི་ནང་། རླུང་འཕྲིན་བརྙན་འཕྲིན་དང་། ཚགས་པར། སྲིད་དོན་སྨྱན་སྦྱོར་གསར་པ་སོགས་ལས་སྟེགས་ཀྱིས་ཧུར་བསྲི་གྲོན་ཆུང་གིས་འཕྲོ་བརླག་གཏོང་རྒྱུར་ངོ་རྒོལ་བྱེད་པའི་སྤྱི་ཕན་བརྡ་ཁྱབ་ཁྱབ་གདལ་གཏོང་བ་དང་། དགོད་བྲོའི་གཏམ་གླེང་དང་འཁྲབ་ཚན་ཐུང་ངུ་སོགས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རིག་གནས་རོལ་རྩེད་ལེ་ཚན་སྤྱོད་པ། ནང་དོན་གསོན་ཉམས་དོད་པའི་དྲ་རྒྱའི་དཔྱད་གླེང་བརྩམས་ཆོས་སོགས་གསར་རྩོམ་བྱས་ཏེ། ལྗོངས་ཡོངས་སུ་ཡ་རབས་གྲོན་ཆུང་གི་འཛད་སྤྱོད་དར་སྤེལ་གཏོང་དགོས། ཇུས་གཞིས་བཟའ་བཏུང་འཕྲོ་བརླག་གཏོང་བའི་བྱེད་སྤྱོད་བཀག་འགོག་བྱེད་རྒྱུ་དེ་ཤེས་དཔལ་གྲོང་ཚོ་གྲོང་རྡལ་དང་། ཤེས་དཔལ་ཚན་པ། ཤེས་དཔལ་ཁྱིམ་ཚང་། ཤེས་དཔལ་སློབ་གྲྭ་སོགས་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གཏོད་པའི་བྱེད་སྒོ་དང་མཉམ་འདྲེས་ཐུབ་པ་བྱས་ནས། ཀུན་སྤྱོད་དཔེ་བཟང་དང་ཉེ་འགྲམ་མི་བཟང་སོགས་གསོ་སྐྱོང་དང་མིག་དཔེ་གཏོད་རྒྱུ་ཟུང་འབྲེལ་བྱས་ཏེ། བཟའ་བཏུང་འཕྲོ་བརླག་གཏོང་བའི་བྱེད་སྤྱོད་གཏན་འགོག་གི་ཉམས་མྱོང་ཡག་པོ་དང་བྱེད་ཐབས་བཟང་པོ་དུས་ཐོག་ཏུ་ཕྱོགས་སྡོམ་རྒྱག་དགོས་པ་གསལ་སྟོན་བྱས་ཡོད།

ཇུས་གཞིའི་ནང་། སྤྱི་པའི་བྱེད་སྒོ་དང་སྤྱི་པའི་ཟ་ཁང་གི་བཟའ་བཏུང་འཕྲོ་བརླག་གཏོང་བའི་བྱེད་སྤྱོད་མཐའ་གཅིག་ཏུ་གཏན་འགོག་བྱས་ནས། རིམ་ཁག་ལས་ཁུངས་བྱ་གཞག་ཚན་པས་རང་ཚན་པའི་ཟ་ཁང་གི་མངོན་ཆེ་སར་དྲིལ་བསྒྲགས་སྦྱར་ཡིག་སྦྱོར་བ་དང་། ཏང་ཡོན་ལས་བྱེད་པར《བཟའ་བཏུང་འཕྲོ་བརླག་མི་གཏོང་བའི་ཏང་ཡོན་ལས་བྱེད་པའི་ཁས་ལེན་ཡི་གེར》མིང་རྟགས་འགོད་པ་སོགས་ཀྱི་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེ་བའི་བྱེད་ཐབས་སྤྱད་ནས། གཞུང་དོན་སྣེ་ལེན་དང་ཚོགས་འདུ་གསོ་སྦྱོང་སོགས་ཀྱི་བྱེད་སྒོའི་བཟའ་བཏུང་དོ་དམ་ལ་ཤུགས་སྣོན་རྒྱག་པ། དུས་བཀག་བཞིན་བཟའ་བཏུང་འཕྲོ་བརླག་གཏོང་བའི་བྱེད་སྤྱོད་བཀག་འགོག་གི་ལས་དོན་ལ་དཔྱད་དཔོག་དང་བརྡ་ཁྱབ་བཅས་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

དེ་དང་དུས་མཚུངས་ཇུས་གཞིའི་ནང་། སློབ་གྲྭར་བཟའ་བཏུང་གྲོན་ཆུང་ལས་དོན་དེ་ལྗང་མདོག་སློབ་གྲྭ་འཛུགས་གཏོད་དཔྱད་དཔོག་ལས་དོན་དང་ལོ་འཁོར་གྱི་དཔྱད་ཞིབ་དམིགས་ཚད་ནང་བཅུག་ནས། བྱ་དགའ་དང་ཆད་གཅོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་བཏོན་ཡོད། གཞན་ཡང་། ཇུས་གཞིའི་ནང་ཟས་རིགས་ལུགས་མཐུན་བེད་སྤྱོད་དང་གྲང་ཕྲེང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཐད་ནས་བཟའ་བཅའི་བདེ་འཇགས་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། བཟའ་བཏུང་འཕྲོ་བརླག་ཉུང་དུ་གཏོང་དགོས་པ་བཏོན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།