《བོད་ལྗོངས་ཞི་བས་བཅིངས་འགྲོལ་དང་དར་རྒྱས་གོང་འཕེལ》གྱི་རྒྱབ་ཤ་དཀར་པོའི་དེབ་ལ་བོད་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5ཚེས21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《བོད་ལྗོངས་ཞི་བས་བཅིངས་འགྲོལ་དང་དར་རྒྱས་གོང་འཕེལ》གྱི་རྒྱབ་ཤ་དཀར་པོའི་དེབ་བཏོན་པར་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས་རྒྱབ་ཤ་དཀར་པོའི་དེབ་ནང་ཞིབ་ཅིང་ཁུངས་འཕེར་བའི་གྲངས་གཞི་དང་དོན་དངོས་འབོར་ཆེན་གྱི་ཐོག་ནས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་སྤྱི་ཚོགས་རིང་ལུགས་བོད་ལྗོངས་གསར་པའི་བྱ་གཞག་ཁག་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་བྱུང་བ་ཕྱོགས་ཡོངས་དང་། མངོན་སུམ། ཇི་མ་ཇི་བཞིན་བཅས་ཀྱི་ཐོག་ནས་མངོན་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དུས་རབས་གསར་པའི་བོད་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ་རེད།

“བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་སྐབས་སུ། ལོ་རྒྱུས་ཀྱི་འཕེལ་རིམ་ལ་ཕྱིར་དྲན་དང་རླབས་ཆེའི་གྲུབ་འབྲས་མངོན་པར་བྱེད་པར་རྒྱབ་ཤ་དཀར་པོའི་དེབ་ནང་སྤྱི་ཚོགས་རིང་ལུགས་བོད་ལྗོངས་གསར་པའི་བྱ་གཞག་ཁག་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱོགས་ཡོངས་དང་། མངོན་སུམ། ཇི་མ་ཇི་བཞིན་བཅས་ཀྱི་ཐོག་ནས་མངོན་པར་བྱས་ཡོད། དུས་རབས་གསར་པའི་བོད་ཀྱི་ན་གཞོན་ལས་བྱེད་པ་ཡིན་པའི་ང་ཚོར་སྤོབས་པ་ཆེན་པོ་སྐྱེ་ཡི་འདུག་ལ་འགན་འཁྲི་ལྕི་ལ་ལས་འགན་གཟི་བརྗིད་ཆེ་བ་ཞིག་ཡོད་པ་ཚོར་གྱི་འདུག”ཅེས་ཨ་མདོ་རྫོང་རྩྭ་རིང་གྲོང་རྡལ་ན་སེར་སྡེ་ཁུལ་དུ་བཅའ་སྡོད་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་ལས་དོན་རུ་ཁག་གི་རུ་དཔོན་མའོ་ནཱ་ཡིས་བཤད་ཅིང་། ཟླ་4པའི་ཟླ་འགོ་ནས་བཅའ་སྡོད་བྱས་ཚུན།བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་པས་དུས་རབས་གསར་པའི་གྲོང་སྡོད་ལས་དོན་གྱི་དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ལ་གཞི་ཚུགས་ཏེ་རང་ཚན་པའི་ལེགས་ཆ་དང་ཟུང་འབྲེལ་གྱིས་ཏང་གི་ལོ་རྒྱུས་སྦྱོང་བ་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། མང་ཚོགས་ལ་འབྲེལ་གཏུག་གིས་ཞབས་ཞུ་ཧུར་ཐག་སྒྲུབ་པ་དང་། མང་ཚོགས་ལ་དྲིལ་བསྒྲགས་སློབ་གསོ་གཏོང་བ། མང་ཚོགས་སྒྲིག་འཛུགས་སྐུལ་སློང་བྱེད་པ། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མི་རིགས་ཁག་གི་མང་ཚོགས་ཏང་རྩ་འཛུགས་ཀྱི་མཐའ་འཁོར་དུ་གཅིག་སྒྲིལ་དང་མཐུན་སྒྲིལ་བྱེད་པ། ཞི་མཐུན་བརྟན་ལྷིང་གི་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་འདིང་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་སྲ་བརྟན་དུ་བཏང་བ་རེད།

ཞི་བས་བཅིངས་འགྲོལ་བཏང་ཚུན། བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ཕྱོགས་ཀུན་ལ་འཕེལ་རྒྱས་བྱུང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་གཞི་རྩའི་ཆར་བསྐྲུན་ཟིན་ཏེ་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་ཚད་95%ཡན་ཟིན་པ་དང་མིའི་ཆ་སྙོམས་ཚེ་ཚད་ལོ་71.1བར་མཐོ་རུ་སོང་ཡོད། བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ཀྱི་བདེན་དཔང་བ་དང་བརྒྱུད་མྱོང་མཁན་བོད་ལྗོངས་ཧྥུའུ་ཁང་སྨན་བཅོས་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཏུང་ཧྲི་ཀྲང་ཝང་པིན་གྱིས་ལོ་ངོ་70ཡི་རིང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་ལས་ཀའི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་བཞག་ནས་ཏང་ཀྲུང་དབྱང་གི་ལས་དོན་བཀོད་སྒྲིག་ཁག་དོན་འཁྱོལ་བྱས་པས“བདེ་ཐང་བོད་ལྗོངས”དེ་ཉིད་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་མངོན་འགྱུར་བྱེད་པའི་འདེགས་སྐྱོར་ནུས་ལྡན་ཞིག་ཏུ་གྱུར་ཡོད་ཅེས་བཤད་པ་རེད།

བོད་ལྗོངས་མི་རིགས་སློབ་ཆེན་གསར་འགྱུར་དང་བརྒྱུད་སྤེལ་སློབ་གླིང་2019ལོའི་རྒྱང་བསྒྲགས་དང་གཙོ་སྐྱོང་སྒྱུ་རྩལ་ཆེད་ལས་ཀྱི་སློབ་མ་མིག་དམར་སྒྲོལ་མས་ལག་ཐོགས་ཁ་པར་གྱི་དུད་སྣེ་ནས་རྒྱབ་ཤ་དཀར་པོའི་དེབ་ཀྱི་ནང་དོན་ཆ་ཚང་ཞིབ་པར་བཀླགས། ཁོ་མོས“དུས་རབས་གསར་པའི་སློབ་ཆེན་སློབ་མའི་ངོས་ནས་ང་ཚོས‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས’དང‘ལམ་གཉིས་ཀྱི་སྙིང་སྟོབས’རྒྱུན་འཛིན་དང་དར་སྤེལ་བཏང་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་བསྐྲུན་ཆེད་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས”ཞེས་བཤད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།