བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས21ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཁྱབ་བསྒྲགས་བྱས་པའི《བོད་ཞི་བས་བཅིངས་འགྲོལ་དང་དར་རྒྱས་གོང་འཕེལ》གྱི་རྒྱབ་ཤ་དཀར་པོའི་དེབ་ནང་། བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་ཡོད་ཅེས་བསྟན་ཡོད།

རྒྱབ་ཤ་དཀར་པོའི་དེབ་ནང་ངོ་སྤྲོད་བྱས་དོན། བོད་ཞི་བས་བཅིངས་འགྲོལ་བཏང་མ་ཐག་པའི་སྐབས་སུ་བོད་སྐྱོད་མི་དམངས་བཅིངས་འགྲོལ་དམག་དང་དེ་བཞིན་ལས་དོན་མི་སྣས་དབུལ་སྐྱོར་དཀའ་སེལ་གྱི་ལས་དོན་མང་པོ་བསྒྲུབས་ཡོད། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཐལ་བའི་རྡུལ་དུ་བརླགས་རྗེས། བོད་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་གཏོང་བ་དང་། ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ། བཤུ་གཞོག་མེད་པར་བཟོ་བ། དབུལ་པོ་མེད་པར་བཟོ་བ། ཐུན་མོང་འབྱོར་ཕྱུག་ཡོང་བ་བཅས་བྱ་རྒྱུ་རང་འཁྲིའི་ལས་འགན་ལ་བརྩིས་ཏེ་མི་རབས་ནས་མི་རབས་བར་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་གི་ལས་ལ་གཞོལ་ཡོད།

རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། ལོ་5བསྟུད་མར་ཁ་གཏད་བོད་སྐྱོར་གྱི་དབུལ་སྐྱོར་ལས་དོན་ཟབ་གཏོང་གི་ཚོགས་འདུ་འཚོགས་ཏེ། “ཀྲུང་དབྱང་ཁེ་ལས་ཀྱིས་དམངས་ཕྱུག་བོད་དར་ལ་རམ་འདེགས་བྱེད་པ”སོགས་ཀྱི་བྱེད་སྒོ་གསར་གཏོད་ཀྱིས་སྤེལ་བ་མ་ཟད། ད་དུང་གནད་སྨིན་ཇུས་བསྟར་དང་གནད་སྨིན་རོགས་སྐྱོར་བྱས་པས། བོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལས་རྣམ་པར་རྒྱལ་བ་དང་། མི་རིགས་ཁག་གི་མི་དམངས་ལྟོ་གོས་ལ་སེམས་ཁྲལ་མི་དགོས་པར་གྱུར་པ། འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས་བཅས་ལ་འགན་ལེན་ཐུབ་ཡོད། 2019ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ་དང་རྫོང་དང་ཆུས་དབུལ་པོ་74ཚང་མ་དབུལ་ཞྭ་ཕུད་དེ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་རྐྱང་གི་གནད་དོན་ཐག་གཅོད་བྱས་ཡོད། མིག་སྔར་དབུལ་སྒྲོལ་མི་འབོར་གྱི་ལོ་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་ཟིན་པ་དང་དབུལ་སྒྲོལ་གྲུབ་འབྲས་སྔར་བས་བརྟན་དུ་སོང་ཡོད།

རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། དམངས་གཙོའི་བཅོས་སྒྱུར་བྱས་ནས་བོད་ཀྱི་སྤྱི་ཚོགས་ལམ་ལུགས་གོམ་པ་གཅིག་ལས་ལོ་ངོ་སྟོང་བརྒལ་བའི་མཆོང་སྐྱོད་བྱུང་བ་དང་དབུལ་སྒྲོལ་འགག་སྒྲོལ་བྱས་པ་དེས་བོད་ཀྱི་མི་དམངས་ཀྱི་འཚོ་བ་སྐྱེལ་སྟངས་གོམ་པ་གཅིག་ལས་ལོ་ངོ་སྟོང་བརྒལ་བའི་མཆོང་སྐྱོད་བྱུང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།