ཉིང་ཁྲི་གྲོང་ཁྱེར་གྱིས་རྣམ་པ་འདྲ་མིན་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར།  ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་ཚན་པ་ཁག་གིས་རྣམ་པ་འདྲ་མིན་དང་ནང་དོན་ཕུན་སུམ་ཚོགས་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་ཏེ།  རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་ལོ་རྒྱུས་ཁྲོད་ནས་བློ་གྲོས་དང་བློ་སྟོབས་འཕེལ་བ་དང་ལས་སྒྲུབ་ལས་གཏོད་ཀྱི་དད་སེམས་བརྟན་དུ་བཏང་ཡོད། 

ཉིང་ཁྲི་གྲོང་ཁྱེར་འཕེལ་བསྒྱུར་ཨུ་ལྷན་གྱིས་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཉིང་ཁྲི་དམག་ཁུལ་ཁང་དམག་དོན་ལོ་རྒྱུས་ཁང་དུ་གསར་བརྗེའི་སློབ་གསོ་མྱོང་བར་ཁྲིད་ནས།  ཏང་གི་ལོ་རྒྱུས་བསྐྱར་དྲན་དང་ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ།  ལོ་རྒྱུས་རྟོགས་པ་བྱས་ནས་ཏང་དང་མེས་རྒྱལ་ལ་དགའ་ཞེན་བྱེད་པ།  སློབ་སྦྱོང་དང་གོ་བ་བླངས་ནས་ཕུགས་བསམ་དད་སེམས་བརྟན་དུ་གཏོང་བ།  འབད་འབུངས་ཡར་བརྩོན་ཁྲོད་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བ་བཅས་བྱས་ཡོད།

ཉིང་ཁྲི་གྲོང་ཁྱེར་འཕེལ་བསྒྱུར་ཨུ་ལྷན་གྱི་ལས་བྱེད་པ་ཀྲའོ་ཧོལ་ཧྲེང་ནས།  སྔོན་བྱོན་པ་ཚོའི་འབད་འཐབ་ཀྱི་ལམ་བུར་ཕྱིར་དྲན་བྱེད་སྐབས་ང་ཚོའི་དད་སེམས་སྔར་བས་བརྟན་དུ་དང་འགན་འཁྲི་སྔར་བས་གསལ་རྟོགས་ཐུབ་པ་མ་ཟད།  ཀྲུང་གོ་གུང་ཁྲན་ཏང་གི་བློ་གྲོས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གོ་དོན་བཅས་ལ་སྔར་བས་གོ་བ་གཏིང་ཟབ་ལེན་ཐུབ་བྱུང་ཞེས་བཤད་པ་རེད།

ཉིང་ཁྲི་གྲོང་ཁྱེར་མི་སྤྱི་ཅུས་ཀྱི་ཏང་ཡོན་ལས་བྱེད་པ་ཚོས་སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་ཁྱུང་གླིང་གྲོང་ཚོའི་རྒྱལ་གཅེས་སློབ་གསོའི་རྟེན་གཞིར་ལྟ་སྐོར་དུ་སྐྱོད་ནས།  ཏང་ཡོན་རྒན་གྲས་ཚོས་གླེང་བའི་གསར་བརྗེའི་ལོ་ཟླ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོའི་ཁྱིམ་སྲུང་རྒྱལ་སྐྱོབ་ཀྱི་དཔའ་བོའི་བྱས་རྗེས་ཉན་པ་རེད། 

ཉིང་ཁྲིའི་ལོ་ཆུང་གདོང་ལེན་རུ་མི་ཚོ་བྲག་ཡིབ་གྲོང་རྡལ་བྲག་ཕྱི་གྲོང་ཚོར་ལྟ་སྐོར་དུ་བསྐྱོད་པ་དང་།  བྲག་ཕྱི་གྲོང་ཚོའི་འགྱུར་ལྡོག་ཁྲོད་ནས་ད་ལྟའི་བདེ་སྐྱིད་འཚོ་བ་དེ་ལས་སླ་པོར་བྱུང་བ་ཞིག་མ་ཡིན་པ་མྱོང་ཚོར་ཟབ་མོ་བྱུང་ནས་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ།  ཏང་གི་རྗེས་སུ་འབྲངས་བ་བཅས་ཀྱི་ཆོད་སེམས་བརྟན་དུ་ཕྱིན་པ་མ་ཟད།  ཕུགས་བསམ་འཆང་ནས་དུས་རབས་ཀྱི་མི་གསར་ཞིག་བྱེད་རྒྱུར་སྐུལ་ལྕག་ཀྱང་ཐེབས་ཡོད།

ཉིང་ཁྲི་གྲོང་ཁྱེར་སློབ་ཆུང་གཉིས་པའི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་རྡོ་རྗེ་རྣམ་རྒྱལ་ནས།  ང་ཚོས་ད་ཆའི་ལས་སླ་པོར་བྱུང་བ་ཞིག་མིན་པའི་བདེ་སྐྱིད་འཚོ་བར་གཅེས་སྤྲས་བྱས་ནས་སློབ་སྦྱོང་ཡག་པོ་དང་གཟུགས་པོར་སྦྱོང་བརྡར།  ཕུགས་འདུན་འཆང་བ་བཅས་ཀྱི་སྒོ་ནས་ཕ་ཡུལ་གྱི་གོང་འཕེལ་དང་འཛུགས་སྐྲུན་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།