ནམ་ཡང་ཏང་གི་རྗེས་སུ་འབྲང་ཞེས་བརྗོད་དོན་གཙོ་བོར་བྱས་པའི་མང་ཚོགས་ཀྱི་རིག་གནས་སྐོར་འཁྲབ་བྱེད་སྒོར་ནུས་པ་ཆེན་པོ་ཐོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་ཇུས་འགོད་ཞིབ་ཚགས་བྱས་པའི་ནམ་ཡང་ཏང་གི་རྗེས་སུ་འབྲང་ཞེས་བརྗོད་དོན་གཙོ་བོར་བྱས་པའི་མང་ཚོགས་ཀྱི་རིག་གནས་སྐོར་འཁྲབ་བྱེད་སྒོ་སྤྱི་ཟླ4པའི་ཚེས26ཉིན་ནས་སྤེལ་འགོ་ཚུགས་ཚུན།  རིམ་བཞིན་བཀྲ་ཤིས་པའི་གཞིས་རྩེ་དང་བོད་ཀྱི་རིག་གནས་འབྱུང་ཁུངས་ལྷོ་ཁ།  མཛེས་སྡུག་ལྡན་པའི་ལྷ་ས་ཞེས་པ་སོགས་སུ་དབྱེ་ནས་གཞི་རིམ་མང་ཚོགས་ལ་རིག་གནས་རོལ་དབྱངས་ཀྱི་སྟོན་མོ་ཕུན་སུམ་ཚོགས་པོ་བཤམས་ཡོད། 

བསྟུད་མར་ཉིན་ཤས་རིང་།  འཁྲབ་སྟོན་པས་ལམ་བར་གྱི་དཀའ་ངལ་དང་ཉི་མའི་ཚ་ཟེར་ལ་མི་འཛེམས་པར།  སྨུག་ཕྱིའི་འོད་འཕྲོའི་འོག་ཕྱི་རོལ་དུ་འཁྲབ་སྟོན་མཐའ་འཁྱོངས་བྱས་ནས་མང་ཚོགས་ཚོར་ངོ་མཚར་རིག་རྩལ་གྱི་རོ་བཅུད་མྱོངས་སུ་བཅུག་ཡོད།  ཡིད་དབང་འཕྲོག་པའི་གླུ་གཞས་དང་སྤྲོ་སེམས་རབ་ཏུ་འཁོལ་བའི་ཞབས་བྲོ།  དགོད་བྲོའི་གཏམ་གླེང་།  འཁྲབ་ཚན་ཐུང་གྲས་སོགས་ལ་མང་ཚོགས་ཀྱི་དགའ་བསུ་ཐོབ་སྟེ་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་ནས་ཡོད།

ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བ་དང་བོད་ལ་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བའི་དུས་ཡིན།  ནམ་ཡང་ཏང་གི་རྗེས་སུ་འབྲང་ཞེས་པའི་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་དེའི་ནང་རིག་གནས་དྲིལ་བསྒྲགས་གཞི་རྟེན་དུ་བྱས་ནས་ལེ་ཚན་རྩོམ་སྒྲིག་བྱས་པ་བརྒྱུད།  ཏང་དང་སྲིད་གཞུང་གི་མཛད་ཕྱོགས་སྲིད་ཇུས་ཁག་དང་།  དེ་བཞིན་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སོགས་ཁྱིམ་ཚང་ཁྲི་སྟོང་མང་པོར་དྲིལ་བསྒྲགས་བྱས་ཏེ།  རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་ལ་བསྔགས་བརྗོད་བྱས་པ་ཆབས་ཅིག  མི་རིགས་ཁག་གི་བུ་ཕྲུག་ཚོས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་རྒྱུའི་ཡིད་ཆེས་དང་ཆོད་སེམས་ཀྱང་སྔར་བས་བརྟན་དུ་འགྲོ་རྒྱུར་ནུས་པ་ཆེན་པོ་ཐོན་ཡོད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།