ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཐོ་སྒང་དུ་དབྱར་གྱི་རང་མདངས་རྒྱས་བ་ཙམ་གྱིས་སེང་གེ་ཁ་འབབ་སྨད་རྒྱུད་ཀྱི་བདེ་མཆོག་གྲོང་ཚོར་རྩྭ་རྩི་ཤིང་སྣ་ཚོགས་ཀྱི་མྱུ་གུ་འབུས་པ་དང་རྒྱ་ལྕང་སྔོན་པོར་གྱུར་ནས་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར།
ལོ72ལ་སླེབས་པའི་བཀྲ་ཤིས་དབང་མོས་རང་ཉིད་ཀྱི་ཐོག་བརྩེགས་ཉིས་ཅན་གྱི་ཁང་པའི་ནང་སོས་དལ་བག་ཕེབས་ངང་ཇ་སྲུབས་མ་འཐུང་བཞིན་གསར་འགོད་པར་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བའི་སྐོར་གླེང་བཞིན་ཡོད།
བདེ་མཆོག་གྲོང་ཚོ་དེ་བོད་ལྗོངས་མངའ་རིས་ས་ཁུལ་སྒར་རྫོང་བཀྲ་ཤིས་སྒང་ཤང་དུ་གནས་པ་དང་ཆ་སྙོམས་ས་བབ་སྨི4300ཟིན་ཞིང་། དེར་འཚོ་བ་རོལ་ནས་ལོ37འགོར་བའི་བཀྲ་ཤིས་དབང་མོས་བདེ་མཆོག་གྲོང་ཚོའི་རྗེས་ལུས་ནས་འབྱོར་ཕྱུག་བར་གྱི་འགྱུར་ལྡོག་གསལ་པོར་ཤེས།
འདི་ནི་བོད་ལྗོངས་མངའ་རིས་ས་ཁུལ་སྒར་རྫོང་བཀྲ་ཤིས་སྒང་ཤང་བདེ་མཆོག་གྲོང་ཚོའི་གྲོང་མིའི་སྡོད་ཁང་གསར་པ་རེད།
དུས་རབས20པའི་ལོ་རབས60པའི་སྐབས་བདེ་མཆོག་གྲོང་ཚོར་དུད་ཚང3ལས་མེད། དེང་སྐབས་བདེ་མཆོག་གྲོང་ཚོར་གྲོང་མིའི་ཚན་ཆུང་གཉིས་ཡོད་པ་དང་བསྡོམས་པས་དུད་ཚང51དང་མི174ཡོད།
1984ལོ་ནས་མགོ་བཙུགས་ཏེ་འཕོ་འགྱུར་གླེང་དགོས། སྐབས་དེ་དུས་ཀྱི་བཀྲ་ཤིས་དབང་མོ་དང་ཁོང་གི་གཅུང་མོ་བསོད་ནམས་ལྷ་མོའི་ཁྱིམ་ཚང་གཉིས་བདེ་མཆོག་གྲོང་ཚོར་གནས་སྤོས་གཞིས་ཆགས་བྱས།
“ང་ཚོ་འདིར་སྤོས་མ་ཐག་པའི་སྐབས་དུད་ཚང་གཉིས་གསུམ་ཙམ་ལས་མེད། སྐབས་དེ་དུས་ལམ་ཤར་གཏོང་ཐུབ་མེད་པའི་ཁར། སྦྲ་གུར་ཙམ་ཡང་མེད་པས་རྡོས་ར་བ་བསྐོར་ནས་དེའི་ནང་བསྡད་པ་དང་ལྷགས་པ་འགོག་ཐུབ་ཙམ་ལས་མེད། ལུས་ལ་གྱོན་པའི་གྱོན་གོས་རང་ཉིད་ཀྱིས་འཚེམ་དགོས་ཀྱི་ཡོད”ཅེས་བཀྲ་ཤིས་དབང་མོས་དྲན་གསོ་བྱེད་བཞིན་དུ་བཤད།
དེའི་རྗེས་ཀྱི་ལོ་མང་པོའི་ནང་བཀྲ་ཤིས་དབང་མོ་དང་མོའི་གཅུང་མོའི་ཁྱིམ་ཚང་གཉིས་ཀྱིས་བྱེ་རྡོས་ཁེངས་པའི་ས་རྒོད་སློག་ནས་དཔའ་ངར་ཞུམ་མེད་སྒོས་བདེ་མཆོག་གྲོང་ཚོར་རྩ་བ་བཙུགས། 1990ལོར་སླེབས་སྐབས་དུད་ཚང9དེར་གནས་སྤོ་བྱས་པས་བདེ་མཆོག་ཏུ་གཞི་ནས་གྲོང་ཚོའི་རྣམ་པ་ཞིག་ཆགས།
2010ལོར་ཧྲའན་ཤིས་ཞིང་ཆེན་གྱི་བོད་སྐྱོར་རྣམ་གྲངས་ཀྱིས་ཞིང་སྡེ་གསར་པ་འཛུགས་སྐྲུན་ཐད་གཟིགས་སྐྱོང་བྱས་པ་དང་སྒར་རྫོང་གིས་བདེ་མཆོག་གྲོང་ཚོར་འབྲེལ་ཡོད་ཀྱི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱེད་མགོ་ཚུགས། “གྲོང་ཚོའི་ནང་ཉི་ནུས་གློག་ཁང་བཙུགས་པས་གློག་ཤར་གཏོང་ཐུབ་པ་དང་། ད་དུང་ཁྲོན་པ་དང་། གྲོང་མིའི་བྱ་འགུལ་ཐང་ཆེན། ལུས་སྦྱོང་ཁུལ། ཞིང་པའི་དཔེ་དེབ་ཁང་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་དང་། ལོ་འགའི་གོང་གཞུང་ལམ་ཡང་ཤར་གཏོང་ཐུབ་པས་གྲོང་མི་ཚང་མ་དགའ་སྤྲོ་ཚད་མེད་བྱུང་སོང”ཞེས་བཀྲ་ཤིས་སྒང་ཤང་གི་ཤང་ཀྲང་གཞོན་པ་བསོད་ནམས་ཚེ་རིང་གིས་བཤད།
འདི་ནི་བོད་ལྗོངས་མངའ་རིས་ས་ཁུལ་སྒར་རྫོང་བཀྲ་ཤིས་སྒང་ཤང་བདེ་མཆོག་གྲོང་ཚོའི་གྲོང་མི་བཀྲ་ཤིས་དབང་མོ་བཟའ་ཟླ་གཉིས་རེད།
2018ལོར་གྲོང་ཚོར་རྒྱ་ཆེ་ལ་དཀར་ཆ་དོད་པ་དང་འཚོ་བའི་ནུས་པ་ཆ་ཚང་བའི་ཐོག་བརྩེགས་ཉིས་ཅན་གྱི་སྡོད་ཁང་གཅིག་གྱུར་ཐོག་བསྐྲུན་པ་མ་ཟད། དུད་ཚང་རེའི་སྡོད་ཁང་གི་རྒྱ་ཁྱོན་སྨི་བཞི་མ200ལྷག་ཟིན་ཡོད། གྲོང་ཚོར་ལམ་སྒྲོན་དང་། སྤྱི་པའི་སྤྱོད་ཁང་། གད་སྙིགས་དབྱུགས་ས་སོགས་ཀྱི་སྒྲིག་བཀོད་ཆ་ཚང་བསྐྲུན་ཡོད། གྲོང་ཚོའི་ཚན་ཆུང་གཉིས་ཀར་གློག་མཁོ་འདོན་དང་། འཐུང་ཆུ། གློག་འཕྲིན་དང་སྒུལ་བདེའི་དྲ་རྒྱ། སྦྲག་སྲིད་བཅས་ཡོངས་སུ་ཁྱབ་ཡོད།
1984ལོའི་གོང་རྡོས་བསྐོར་པའི“རབས་དང་པོའི”སྟབས་བདེའི་སྡོད་ཁང་ནས1990ལོར་སྲིད་འཛིན་གྲོང་ཚོ་འཛུགས་སྐབས་བསྐྲུན་པའི“རབས་གཉིས་པའི”ས་དང་ཤིང་གི་གྲུབ་ཆའི་སྡོད་ཁང་། 2006ལོར་བསྐྲུན་པའི“རབས་གསུམ་པའི”བདེ་སྡོད་ཁང་པ། 2012ལོར་བསྐྲུན་པའི“རབས་བཞི་པའི”ཨར་འདམ་ལྕགས་རྩིབ་མའི་་ཐོག་བརྩེགས་གཉིས་ཅན་གྱི་སྡོད་ཁང་ནས་རྒན་མོ་བཀྲ་ཤིས་དབང་མོ་དེང་སྐབས་སྡོད་པའི“རབས་ལྔ་པའི”སྡོད་ཁང་གསར་པ་བཅས་ཀྱི་བར་བོད་ལྗོངས་མང་ཚོགས་ཀྱི་སྐྱིད་སྣང་རྒྱུན་ཆད་མེད་པར་མཐོར་འདེགས་སུ་འགྲོ་བཞིན་ཡོད།
འདི་ནི་བོད་ལྗོངས་མངའ་རིས་ས་ཁུལ་སྒར་རྫོང་བཀྲ་ཤིས་སྒང་ཤང་བདེ་མཆོག་གྲོང་ཚོའི་རྣམ་པ་རེད།
དེང་སྐབས་བཀྲ་ཤིས་དབང་མོ་ལོ་ན་བགྲེས་པས་ལུས་པོའི་ངལ་རྩོལ་བྱེད་མི་ཐུབ། ཡིན་ན་ཡང་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་རོགས་སྐྱོར་དང་ཐུགས་ཁུར་འོག་ཚེ་མཇུག་གི་འཚོ་བ་བདེ་ལ་རོལ་བཞིན་ཡོད།
ས་གནས་དེ་གའི་ལས་བྱེད་པས་ད་ལྟ་གྲོང་ཚོར་མཚོ་སྔོན་གྱི་སྦྱར་པ་དང་། ལོ་མ་ཆུང་བའི་སྦྱར་པ། ཀུ་ཤུའི་སྡོང་པོ། ལིའི་སྡོང་པོ་སོགས་བཙུགས་ཡོད་ཅེས་ངོ་སྤྲོད་བྱས། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
བོད་ལྗོངས་མཐའ་མཚམས་མང་ཚོགས་ཀྱི“རབས་ལྔ་བའི་སྡོད་ཁང”ནང་གི་བདེ་སྐྱིད་ཀྱི་འཚོ་བ།