བོད་ལྗོངས་རྩྭ་མདའ་རྫོང་གིས་རིག་དངོས་སྲུང་སྐྱོབ་དང་འགྲེམ་སྟོན་གྱི་ལས་དོན་རྒྱ་ཆེར་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གིས་དམིགས་བསལ་ཁྱད་ཆོས་ལྡན་པའི་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་སོགས་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་རིག་དངོས་ཞིབ་འཇུག་པ་དང་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། 2018ལོར་རྩྭ་མདའ་རྫོང་གིས་རྫོང་མཁར་གནས་སར་བསྐྲུན་པའི་གུ་གེའི་རིག་གནས་འགྲེམས་སྟོན་ཚོམས་ཆེན་དངོས་སུ་སྤྱོད་མགོ་ཚུགས་པ་དང་གཅིག་བསྡུས་སྒོས་རིག་དངོས་འགྲེམས་སྟོན་བྱས་པར་དགའ་བསུ་ཆེན་པོ་ཐོབ།

རྒྱུས་ལོན་བྱུང་བར་གཞིགས་ན། ཉེ་བའི་ལོ་འགའི་རིང་གནའ་རྫས་རྟོག་ཞིབ་བྱས་པ་བརྒྱུད་རྩྭ་མདའ་རྫོང་དུ་གནའ་བོའི་ཞང་ཞུང་དུས་སྐབས་ཀྱི་རིག་དངོས་ཁག་གཅིག་ཕྱིར་ཐོན་པའི་ནང་མཁར་གྲོང་གི་གནས་ཡུལ་དང་བང་སོ་སོགས་ཀྱི་གནའ་ཤུལ་ཚུད་ཡོད། དེའི་ཁྲོད་ཉེ་ཆར་ཕྱིར་ཐོན་པའི་དངུལ་གྱི་གདོང་འབོག་གསེར་བྱུག་ཅན་དང་གསེར་གྱི་འདོགས་རྒྱན་སོགས་ཀྱི་རིག་དངོས་ཀྱིས་གུ་གེའི་རིག་གནས་ཞིབ་འཇུག་དང་བོད་ལྗོངས་ནུབ་རྒྱུད་ཀྱི་ཐོག་མའི་གནའ་རྫས་རྟོག་ཞིབ་རིག་པ་འཚོལ་ཞིབ་བྱེད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན།

ངོ་སྤྲོད་བྱས་པར་གཞིགས་ན། རྩྭ་མདའ་རྫོང་དུ་སྤོ་འགུལ་མི་རུང་བའི་རིག་དངོས་སྲུང་སྐྱོབ་ཚན་པ189དང་། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ3། རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ23། རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ101། རིམ་པ་གཏན་འཁེལ་བྱས་མེད་པའི་རིག་དངོས་སྲུང་སྐྱོབ་ཚན་པ62བཅས་ཡོད།

རྗེས་མར་རྩྭ་མདའ་རྫོང་གིས་གྲངས་འཛིན་ཅན་གྱི་འགྲེམས་སྟོན་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་དམངས་ཀྱིས་རྩྭ་མདའི་ལོ་རྒྱུས་དང་རིག་གནས་ཟབ་མོ་ཤེས་རྟོགས་ཐུབ་པར་སྔར་བས་སྟབས་བདེ་བསྐྲུན་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།