ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས་བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་གཙོ་དོན་གྱི་ཕུལ་བྱུང་གློག་བརྙན་སྟོན་པའི་བྱེད་སྒོ་སྤེལ་མགོ་ཚུགས་ཤིང་། གྲོང་ཁྱེར(ས་ཁུལ)ཁག་གི་གློག་བརྙན་དོ་དམ་ལྟེ་གནས་སུ་བསྟན་རྒྱུ་དང་། གྲོང་གསེབ་ཀྱི་སྐོར་སྐྱོད་གློག་བརྙན་རུ་ཁག་གིས་རོང་འབྲོག་ཁུལ་དང་གྲོང་ཁྱེར་གྱི་སྡེ་ཁུལ། སློབ་གྲྭ་སོགས་སུ་གློག་བརྙན་བསྟན་རྒྱུ་རེད།
ཐེངས་འདིའི་གཙོ་དོན་གློག་བརྙན་སྟོན་པའི་བྱེད་སྒོ་ད་ལོའི་ལོ་མཇུག་བར་རྒྱུན་མཐུད་སྤེལ་རྒྱུ་དང་། གཙོ་བོ་གལ་ཆེའི་གསར་བརྗེའི་ལོ་རྒྱུས་དང་། ཏང་གི་ལོ་རྒྱུས། དམག་དཔུང་གི་ལོ་རྒྱུས། དངོས་ཡོད་འཚོ་བ་སོགས་བརྗོད་གཞིར་བཟུང་བའི་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་ཕུལ་བྱུང་གློག་བརྙན100ལྷག་བསྟན་རྒྱུ་རེད།
ད་བར་བོད་ལྗོངས་ཀྱི་གྲོང་ཁྱེར(ས་ཁུལ)ཁག་ཏུ་གློག་བརྙན་དོ་དམ་ལྟེ་གནས(ས་ཚིགས)7དང་། རྫོང་ཁག་ཏུ་གློག་བརྙན་དོ་དམ་ས་ཚིགས74། ཤང་(གྲོང་རྡལ)ཁག་ཏུ་གློག་བརྙན་རུ་ཁག478། དགོན་སྡེ་ཁག་ཏུ་གློག་བརྙན་རུ་ཁག6བཅས་ཡོད། དེ་མིན་ཡང་གློག་བརྙན་ཁང62དང་གློག་བརྙན་གྱི་འཆར་ཡོལ 150བཙུགས་ཡོད། སྤྱི་ལོ2020ལོ་ཁོ་ནར་གྲོང་ཁྱེར་ཁག་གི་གློག་བརྙན་ཁང་དུ་སྔ་རྗེས་སུ་གློག་བརྙན་ཐེངས་དགུ་ཁྲི་ལྷག་ཙམ་བསྟན་པ་དང་། གློག་བརྙན་ལྟ་མཁན་མི་ཐེངས་ཁྲི་ཚོ69ལྷག་ཟིན་ནས་སྤྱིའི་ཡོང་འབབ་སྒོར་ཁྲི་ཚོ3000ཙམ་ཟིན་ཏེ། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོར་མཛེས་སྡུག་ལྡན་པའི་རིག་གནས་འཚོ་བར་འཆང་བའི་དགོས་མཁོ་གསར་པ་གང་ལེགས་བསྐངས་ཡོད།།
རྩོམ་སྒྲིག་པ། ཀླུ་མོ་མཚོ།
བོད་ལྗོངས་ཀྱིས་ཏང་དབུ་བརྙེས་ནས་ལོ100དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ70འཁོར་བའི་གཙོ་དོན་གློག་བརྙན་སྟོན་མགོ་ཚུགས་པ།