ནག་ཆུ་གྲོང་ཁྱེར་གྱིས་ནང་དོན་ཕུན་སུམ་ཚོགས་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གིས་ནང་དོན་ཕུན་སུམ་ཚོགས་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་ནས།  རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་ལོ་རྒྱུས་སྦྱོང་བ་དང་ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་ཤེས་རྟོགས་ཐུབ་པ་བྱས་ཏེ།  ཏང་གི་ལོ་རྒྱུས་སྦྱོང་བ་དང་དགོངས་དོན་རྟོགས་པ།  བྱ་བ་སྒྲུབ་པ།  རྣམ་པ་གསར་པ་གཏོད་པ་བཅས་ཀྱི་སེམས་ནུས་སྔར་བས་གཅིག་ཏུ་སྒྲིལ་ཐུབ་པ་བྱུང་ཡོད། 

ནག་ཆུ་གྲོང་ཁྱེར་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་བ་དང་ཚང་མས་སློབ་བརྩོན་རྒྱལ་ཁབ་སྟོབས་ཆེན་ཞེས་པའི་སློབ་སྦྱོང་སྟེགས་བུ་བརྒྱུད།  ཏང་གི་ལོ་རྒྱུས་ཀྱི་ཆེད་དོན་འཆད་ཁྲིད་བལྟས་ནས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ལ་ཕྱིར་དྲན་བྱས་ཏེ།  ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ།  ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར།  ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བཅས་ཐུབ་པ་བྱས་ཡོད།  ནག་ཆུ་གྲོང་ཁྱེར་ཚན་རྩལ་ཅུས་ཏང་ཙུའི་ཧྲུའུ་ཅི། ཅུས་ཀྲང་གཞོན་པ་བྱམས་མཚོ་ནས།  གོམ་སྟབས་རྗེས་མར་སློབ་བརྩོན་རྒྱལ་ཁབ་སྟོབས་ཆེན་སྟེགས་བུ་དེ་ཉིད་ཚན་ཁག་དང་ཀྲེ་པུའི་སློབ་སྦྱོང་སྤེལ་རེས་བྱེད་གནས་སུ་རྩིས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་སྒོ་ཡག་པོ་སྤེལ་རྒྱུ་ཡིན་ཞེས་བཤད། 

ནག་ཆུ་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་སུ་ཏང་ཡོན་ལས་བྱེད་པར་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་སྐབས་དམིགས་སའི་རང་བཞིན་ཆེ་བ་དང་སློབ་གསོའི་རང་བཞིན་ལྡན་པ།  གོ་བསྐོན་བློ་སྒུག་གི་ནུས་པ་ཆེ་བ་བཅས་ལྡན་པའི་སྲིད་གཙང་ཆེད་དོན་སློབ་གསོའི་པར་གཞི་བལྟ་རུ་བཅུག་ནས།  ཁོང་ཚོའི་ཉེན་ཁ་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་ཐོག་སྤྱོད་གཙང་རང་འདོམས་ཀྱི་གཏན་འབེབས་ཁག་བརྩི་སྲུང་ཞུ་རྒྱུར་སྐུལ་འདེད་བཏང་ཡོད།  ནག་ཆུ་གྲོང་ཁྱེར་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱི་ཏང་ཡོན་བསོད་ནམས་ལྷ་མཚོ་ནས།  པར་གཞི་དེ་བལྟས་པ་བརྒྱུད་རང་རེའི་ཏང་གི་གོང་འཕེལ་ལོ་རྒྱུས་ཤེས་རྟོགས་ཐུབ་བྱུང་།  ལས་ཀའི་ནང་རང་འཁྲིའི་ལས་འགན་ཏན་ཏིག་སྒྲུབ་ཐོག་ཏང་ཡོན་གྱི་འོས་འགན་ཡག་པོ་ཁུར་ནས་ཚད་གཞི་ལོན་པའི་ཏང་ཡོན་ཞིག་བྱེད་ཀྱི་ཡིན་ཞེས་བཤད། 
དེ་དང་ཆབས་ཅིག་ནག་ཆུ་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གིས་ཀྱང་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་གཅིག་བསྡུས་སློབ་སྦྱོང་བྱེད་པ་དང་ཏང་གི་ལོ་རྒྱུས་སྐོར་གྱི་གློག་བརྙན་བལྟ་བ།  སྙན་ངག་གྱེར་འདོན་བྱེད་པ་སོགས་རྣམ་པ་འདྲ་མིན་དང་ནང་དོན་ཕུན་སུམ་ཚོགས་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་ནས་ཏང་གི་ལོ་རྒྱུས་རྟོགས་ཤིང་ཏང་དང་མེས་རྒྱལ་ལ་དགའ་ཞེན་བྱེད་རྒྱུར་སྐུལ་ལྕག་བཏང་ཡོད། ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།