རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས2021ལོའི་དཔྱིད་དུས་ཀྱི་ཇོ་མོ་གླང་མའི་བྱང་ངོས་ཀྱི་རི་འཛེག་བྱེད་སྒོ་སྤེལ་མཚམས་འཇོག་རྒྱུའི་ཐག་བཅད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་སྤྱིའི་རིམས་ནད་ཀྱི་དུས་བབ་ཛ་དྲག་ཏུ་འགྲོ་བཞིན་པའི་རྐྱེན་གྱིས་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་ཉིན་ཤས་གོང་བརྡ་ཐོ་བཏང་ནས2021ལོའི་དཔྱིད་དུས་ཀྱི་ཇོ་མོ་གླང་མའི་བྱང་ངོས་ཀྱི་རི་འཛེག་བྱེད་སྒོ་སྤེལ་མཚམས་འཇོག་རྒྱུའི་ཐག་བཅད་པ་རེད།

བརྡ་ཐོའི་ནང་། མིག་སྔར་རྒྱལ་སྤྱིའི་རིམས་ནད་ཀྱི་དུས་བབ་ཛ་དྲག་པས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཆོག་འཐུས་བཅའ་ཁྲིམས》ཀྱི་དོན་ཚན་བདུན་ཅུའི་ནང་འཁོད་པའི“གཤམ་གྱི་གནས་ཚུལ་རིགས་ཡོད་ཚེ་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་འབྲེལ་ཡོད་ཀྱི་སྲིད་འཛིན་ཆོག་འཐུས་མེད་པར་བཟོ་བའི་འགྲོ་ལུགས་གཉེར་དགོས་པ་སྟེ……འགོག་ཐབས་བྲལ་བའི་རྐྱེན་ལས་སྲིད་འཛིན་ཆོག་འཐུས་ཀྱི་དོན་ཚན་ཁག་ལག་བསྟར་བྱེད་ཐབས་བྲལ་བ། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་སྲིད་འཛིན་ཆོག་འཐུས་མེད་པར་བཟོ་བའི་གནས་ཚུལ་གཞན་དག”བཅས་ཀྱི་གཏན་འབེབས་ལ་གཞིགས་ཏེ“རིམས་ནད་ཕྱི་ནས་མ་འགོས་པ་དང་ནང་དུ་བསྐྱར་ལོག་སྔོན་འགོག”གི་མཛུབ་སྟོན་བླང་བྱ་དོན་འཁྱོལ་ཏན་ཏིག་བྱས་ཏེ་འཕྱུག་པ་གཏན་ནས་མེད་པའི་འགན་ལེན་བྱ་ཆེད《བོད་ལྗོངས་ཡར་ལྷ་ཤམ་པོ་མྱུལ་དཔྱད་ཞབས་ཞུ་ཚད་ཡོད་ཀུང་སིས་སྒྲིག་འཛུགས་བྱས་པའི2021ལོའི་དཔྱིད་དུས་ཀྱི་ཇོ་མོ་གླང་མ་འཛེགས་པའི་རི་འཛེག་བྱེད་སྒོར་ཆོག་མཆན་སྤྲོད་པའི་སྐོར་གྱི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་གཏན་འབེབས》མེད་པར་བཟོ་རྒྱུའི་ཐག་བཅད་པ་དང་། བོད་ལྗོངས་ཡར་ལྷ་ཤམ་པོ་མྱུལ་དཔྱད་ཞབས་ཞུ་ཚད་ཡོད་ཀུང་སིས་དེ་སྔ་རེ་ཞུ་བྱས་པའི་རི་འཛེག་བྱེད་སྒོ་མཚམས་འཇོག་བྱེད་རྒྱུའི་བརྡ་ཐོ་བཏང་ཡོད།

ཇོ་མོ་གླང་མ་ནི་ཀྲུང་གོ་དང་ནེ་པ་ལའི་མཐའ་མཚམས་སུ་གནས་ཤིང་། ལྷོ་ངོས་ནེ་པ་ལའི་མངའ་ཁོངས་དང་བྱང་ངོས་ཀྲུང་གོའི་བོད་ལྗོངས་ཀྱི་མངའ་ཁོངས་སུ་གནས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོའི་དཔྱིད་དུས་ཀྱི་རི་འཛེག་དུས་ཚིགས་རིང་བོད་ལྗོངས་ཡར་ལྷ་ཤམ་པོ་མྱུལ་དཔྱད་ཞབས་ཞུ་ཚད་ཡོད་ཀུང་སི་ནི་བྱང་ངོས་སུ་རི་འཛེག་བྱེད་སྒོ་སྤེལ་རྒྱུའི་ཆོག་འཐུས་རག་པའི་ཚོགས་པ་སྒྲིག་འཛུགས་བྱེད་མཁན་འབའ་ཞིག་དེ་ཡིན་པ་དང་། ཀྲུང་གོའི་རི་འཛེག་པ་བསྡོམས21ལ་རི་འཛེག་ཆོག་འཐུས་རག་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།