སྐབས་ལྔ་བའི་བོད་ལྗོངས་ཀྱི་བློ་མཛོད་རྒྱལ་སྤྱིའི་གླེང་སྟེགས་པེ་ཅིང་དུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་བོད་ལྗོངས་བློ་མཛོད་དང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རིག་པ་དང་མིའི་རིགས་རིག་པའི་ཞིབ་འཇུག་ཁང་གིས་གཙོ་སྒྲུབ་བྱས་པའི་སྐབས་ལྔ་བའི་བོད་ལྗོངས་ཀྱི་བློ་མཛོད་རྒྱལ་སྤྱིའི་གླེང་སྟེགས་ཚེས16ཉིན་པེ་ཅིང་དུ་བསྡུས། ད་ལོ་ནི་བོད་ལྗོངས་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པའི་ལོ་ཡིན་ཞིང་། ཐེངས་འདིའི་གླེང་སྟེགས་ཀྱི་བརྗོད་བྱ་ནི“ཞི་བདེ་དང་འཕེལ་རྒྱས”ཞེས་པ་དེ་ཡིན། རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་དང་རིག་གནས་པས་ཡུལ་དངོས་དང་དྲ་ཐོག་ཟུང་འབྲེལ་གྱི་རྣམ་པ་བརྒྱུད་དེ། ལོ་ངོ70རིང་གི་བོད་ལྗོངས་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཐད་བླངས་བའི་གྲུབ་འབྲས་རླབས་ཆེན་སོགས་ཀྱི་གྲོས་དོན་ལ་དམིགས་ཏེ་གཏིང་ཟབ་སྒོས་གྲོས་མོལ་བྱས་པ་དང་། མཉམ་དུ་མཉམ་ལས་གཉིས་ཕན་སྐོར་གྱི་ཐབས་ཇུས་གླེང་།

ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་མགོ་གཙོ་གཞོན་པ་ཝང་ཞིན་ཀའེ་ཡིས་བཤད་རྒྱུར། ཏང་ཀྲུང་དབྱང་གི་ཐུགས་འཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག བོད་ལྗོངས་ཀྱིས་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་བོ་དབུལ་ནག་མེད་པར་བཟོས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་བསྐྱོད་གསར་བ་མགོ་བརྩམས་པ་ཡིན་ཟེར། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རིག་པ་དང་མིའི་རིགས་རིག་པའི་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཡུས་མིང་ཞའོ་ཡིས་བོད་ལྗོངས་ཞི་བའི་བཅིངས་འགྲོལ་བཏང་བའི་ལོ་འཁོར70རིང་བོད་ལྗོངས་ཀྱི་སློབ་གསོ་ལས་དོན་འཕེལ་རྒྱས་ཐད་ནས་བླངས་བའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་འཆད་འགྲེལ་བྱས།

དེ་དང་མཉམ་དུ་ཚོགས་ཞུགས་ཆེད་མཁས་པ་རྣམས་ཀྱིས“བོད་ལྗོངས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་གྲུབ་འབྲས་རླབས་ཆེན”དང་། “མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང”། “བོད་ལྗོངས་ལོ་རྒྱུས་དང་སྐད་བརྡ”སོགས་ཀྱི་གྲོས་དོན་ལ་དམིགས་ཏེ་གྲོས་བསྡུར་ཟབ་མོ་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།