ཁྱིམ་ཚང་མགྲོན་ཁང་གི་དཔལ་འབྱོར་གྱིས་བོད་ལྗོངས་ཀྱི་ཞིང་སྡེའི་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱས།

139943656_16209073398081n.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་བོད་ལྗོངས་ཀྱི་ཁྱིམ་ཚང་མགྲོན་ཁང2377ལ་སླེབས་ཡོད་ཅིང་། A5རིམ་པའི་མཛེས་ལྗོངས་ཁུལ་བྲག་གསུམ་མཚོའི་འགྲམ་དུ་ཆགས་པའི་བྱེ་པ་གྲོང་ཚོར་མཚོན་ན་ཀོང་པོའི་གནའ་གྲོང་གི་སྲོལ་རྒྱུན་རྣམ་པ་སོར་འཇོག་བྱས་ཡོད་པས་ཡུལ་སྐོར་བ་མང་པོའི་དགའ་བསུ་ཐོབ་ཡོད། གྲོང་ཚོ་ཡོངས་ཀྱི་དུད་ཚང173ནང་དུད་ཚང40ལྷག་གིས་ཁྱིམ་ཚང་མགྲོན་ཁང་གཉེར་བཞིན་ཡོད་པ་དང་། མིག་སྔར་མི་རེའི་ལོའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་ཁྲི2ལྷག་ཟིན་ཡོད།

ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཆུ་ཚན་ཁ་ཤང་ནི་བོད་ཤར་རྒྱུད་རི་ཁུག་གི་ཆུ་ཚན་སྤྲོ་གསེང་བྱ་ཡུལ་གྲགས་ཅན་ཞིག་ཡིན་པས། ཁྱིམ་ཚང་མགྲོན་ཁང་གི་དཔལ་འབྱོར་བྲིན་ཆེ་ལ་སྔོན་ཆད་ཇ་རྟའི་གནའ་ལམ་གྱི་གནའ་བོའི་ས་ཚིགས་ཤིག་ཀྱང་རེད། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་རྗེས་ཁྲོན་བོད་དང་མཚོ་བོད་གཞུང་ལམ་གཉིས་ཤར་གཏོང་ཐུབ་ནས་བོད་ལྗོངས་ཀྱི་གཞུང་ལམ་རྒྱ་ཆེ་རུ་ཕྱིན་པ་མ་ཟད། “གཞུང་ལམ་མཛེས་ཤོས318”སོགས་འགྲིམ་འགྲུལ་མ་ལམ་རྒྱུད་ཀྱི་མཛེས་ལྗོངས་ཁུལ་རབ་དང་རིམ་པ་ཡང་དེ་དང་བསྟུན་ནས་སྐད་གྲགས་ཆོད་ཡོད།

2013ལོར་ཀོང་ཏུང་གི་འབྲེལ་ཡོད་ཕྱོགས་ཀྱི་རོགས་རམ་འོག་ཀླུ་ནང་དུ་ཡུལ་སྐོར་གྲོང་རྡལ་ཆུང་ངུ་གསར་རྐྱང་ཞིག་སྐྲུན་པ་དང་སྔོན་ཆད་ཀྱི་སྲོལ་རྒྱུན་རྣམ་གྲངས་སོར་འཇོག་གི་རྨང་གཞིའི་ཐོག་རྣམ་པ་གསར་པའི་ཁྱིམ་ཚང་མགྲོན་ཁང་དང་སྐར་མ་རིམ་པའི་གསོལ་མགྲོན་ཁང་སྐོར་གཅིག་ཇེ་མང་དུ་བཏང་ཡོད། ཁྱིམ་ཚང་མགྲོན་ཁང་གིས་སྲོལ་རྒྱུན་བོད་ལུགས་བཟོ་བཀོད་ཀྱི་ཉམས་འགྱུར་སོར་འཇོག་བྱས་ཀྱང་ཁང་པའི་ནང་ལུས་པོ་འཁྲུ་ས་དང་། ཆུ་འཐེན་སྤྱོད་ཁང་། བརྙན་འཕྲིན་བཅས་སྒྲིག་སྦྱོར་བྱས་ཡོད།

དེ་སྔོན་བྱེ་པ་གྲོང་ཚོའི་ཁྱིམ་ཚང་ཕལ་ཆེ་བས་ཤིང་གཅོད་པའི་ལས་དོན་གཙོ་གཉེར་བྱེད་བཞིན་ཡོད་ཅིང་། གྲོང་ཚོར་མཛེས་ལྗོངས་ཁུལ་ཡོད་ཀྱང་གྲོང་ཚོའི་ཁོར་ཡུག་བཙོག་པ་དང་། ཟང་ཟིང་། ཞན་པ་སོགས་ཀྱི་གནད་དོན་ཡོད་པས་ཡུལ་སྐོར་བར་ཞག་སྡོད་ཀྱི་འདོད་བློ་མེད་པ་རེད། 2001ལོར་བྲག་གསུམ་མཚོར་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་མཚན་སྙན་ཐོབ་པ་དང་། ཡུལ་སྐོར་བ་ཇེ་མང་དུ་ཕྱིན་པ་དང་བསྟུན་ནས་གྲོང་མི་ཚོས་གདོད་མའི“ཤིང་གཅོད་པ”ནི་ཐབས་ཤེས་ཤིག་མིན་པ་ཤེས།

དུས་དེ་ནས་བཟུང་གྲོང་ཚོར་ནགས་སྲུང་བ་བཀོད་སྒྲིག་བྱས་པ་དང་། རྗེས་སུ་མི་ཚང་མ་ནགས་ཚལ་ཐོན་ཁུངས་ཀྱི་སྲུང་སྐྱོང་བར་གྱུར། ད་ལྟ་ཡུལ་སྐོར་བ་ཞག་སྡོད་བྱེད་འདོད་ཡོད་པ་མ་ཟད། ད་དུང་ཕུན་སུམ་ཚོགས་པའི་ནགས་ཚལ་ཐོན་ཁུངས་ཀྱིས་ཁྱིམ་ཚང་མགྲོན་ཁང་གི་སྦྱིན་བདག་ཚོར་བེ་ཤ་སོགས་ནགས་ཚལ་ཐོན་ཁུངས་མཁོ་འདོན་བྱས་ནས་ཡུལ་མིའི་ཁྱིམ་ཚང་མགྲོན་ཁང་གི་ཐོན་ལས་ཕྲེང་འབྲེལ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།

བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་མཁོ་འདོན་བྱས་པའི་གཞི་གྲངས་ལས་མངོན་པར་གཞིགས་ན། 2020ལོར་བོད་ལྗོངས་ཀྱི་ཞིང་སྡེའི་ཡུལ་སྐོར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི1061སྣེ་ལེན་བྱས་པར་ཡོང་འབབ་སྒོར་དུང་ཕྱུར12.17མངོན་འགྱུར་བྱུང་བ་དང་། རོང་འབྲོག་པ་མི་ཐེངས་ཁྲི8.6ཐད་ཀར་དང་གཞན་བརྒྱུད་ཀྱིས་ཞིང་སྡེའི་ཡུལ་སྐོར་ལ་ཞུགས་པས་མི་རེར་ཆ་སྙོམས་ཡོང་འབབ་སྒོར4300ལྷག་བྱུང་ཡོད།

ད་ལྟ་བོད་ལྗོངས་ཀྱི་ཞིང་སྡེའི་མཚན་སྙན་རྒྱལ་ཡོངས་ཀྱི་ས་ཕྱོགས་གང་སར་ཁྱབ་ཡོད་པ་དང་། གངས་ལྗོངས་ཀྱི་ཞིང་སྡེ་ཡང་ལས་ཞུགས་དང་འཚོ་སྡོད་ལ་འཚམ་པ་ཞིག་ཏུ་འགྱུར་བཞིན་ཡོད། འདི་གར་མི་རྣམས་ཀྱིས་སྔོ་ཞིང་དྭངས་པའི་རི་ཆུར་སྲུང་སྐྱོང་བྱེད་བཞིན་ཡོད་ལ་ཕ་ཡུལ་ལ་བཅངས་པའི་བརྩེ་བ་ཟབ་མོ་ཡང་མཚོན་བཞིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།