ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ30ལ་སླེབས་པའི་བོད་རིགས་བུ་མོ་བཀྲ་ཤིས་ལྷ་མོ་ནི་མིང་དོན་མཚུངས་པའི་དྲ་དཔོན་ཞིག་ཡིན། བརྙན་རིས་འབྲེལ་འདྲིས་ལས་སྟེགས་སུ་ཁོ་མོའི་མིང་འོག་གི“བོད་ལྗོངས་ལྷ་མོ”ཞེས་པའི་ཨང་རྟགས་དེར་དོ་སྣང་བྱེད་མཁན་ཁྲི300ལྷག་ཡོད། ཁོ་མོས་དྲ་ཐོག་ནས་རང་གི་ཕ་ཡུལ་གྱི་རོང་འབྲོག་ཁུལ་གྱི་རྒྱུན་གཏན་འཚོ་བ་སྟོན་པ་དང་། ཐད་གཏོང་བྱས་ཏེ་གྲོང་མི་ཚོར་མར་སོགས་ཡུལ་ཐོན་ཐོན་རྫས་འཚོང་རོགས་ཡང་བྱེད་ཀྱིན་ཡོད།
དོ་སྣང་བྱེད་མཁན་ཚོས་དུས་རྒྱུན་ཁོ་མོར་བསམ་ཡུལ་ལས་འདས་པའི་དྲི་བ་འདྲི་བཞིན་ཡོད་དེ། “བོད་དུ་སྔོ་ཚལ་བཟའ་རྒྱུ་ཡོད་དམ” “ཁྱེད་ཚོས་དུས་ཡུན་ག་ཚོད་ལ་ལུས་པོ་ཐེངས་རེ་འཁྲུད་ཀྱི་ཡོད་དམ” “བོད་ཀྱི་བུ་མོ་མནའ་མར་ལེན་ན་སློང་རྟེན་ག་ཚོད་དགོས་སམ” “ཁྱེད་ཚོ་རྟ་བཞོན་ནས་སློབ་གྲྭར་འགྲོ་བ་ཡིན་ནམ”ལ་སོགས་པའི་དགོད་བྲོ་བའི་དྲི་བ་རེད།
འདི་ནི་བཀྲ་ཤིས་ལྷ་མོས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་འཇུ་གྲོང་ཚོའི་ཁྱིམ་དུ་ཐད་གཏོང་བྱེད་བཞིན་པའི་ཚུལ་རེད།
2020ལོ་ནི་བོད་ལྗོངས་ཀྱི་དྲ་དཔོན་ཚོགས་ཁྱུ་རྣམ་པའི་དར་བའི་ལོ་ཞིག་ཡིན་ལ་ལྷ་མོ་ནི་དེའི་ཁྲོད་ཀྱི་གཅིག་ཡིན། ཕྱུགས་འཚོ་བ་དང་། རྩམ་པ་འཐག་པ། ཇ་བསྲུབས་མ་བཟོ་བ་སོགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པའི་རོང་འབྲོག་ཁུལ་གྱི་འཚོ་བའི་གོམས་གཤིས་དག་དྲ་བ་བརྒྱུད་དེ་རྒྱལ་ཡོངས་ས་ཕྱོགས་སོ་སོའི་དྲ་གྲོགས་ལ་བསྟན་ཞིང་། ཁོ་ཚོར་འགྲེལ་བཤད་ལེགས་པར་བརྒྱབ་སྟེ་གངས་ལྗོངས་མཐོ་སྒང་གི་གོམས་སྲོལ་ཁག་ལ་རྒྱུས་མངའ་ཡོད་པར་བྱས་པ་རེད།
ཕྱོགས་གཞན་ཞིག་ནས་སྤོ་འགུལ་དྲ་སྦྲེལ་དུས་རབས་ཀྱིས་བོད་ལྗོངས་ཀྱི་གཟུགས་བརྙན་ཉིན་རེ་བཞིན་མངོན་པར་བྱས་ཤིང་། ཡུལ་སྐོར་བ་ཚོས་རེ་སྒུག་བྱེད་པའི་ངོ་མཚར་མཛེས་ལྗོངས་ཕུད། སྔར་བས་དེང་རབས་ཅན་དང་དར་སོ་ཆེ་བའི་བོད་ལྗོངས་ཤིག་དྲ་དཔོན་བརྒྱུད་དེ་ས་ཕྱོགས་ཀུན་ཏུ་བསྟན་ཞིང་། མི་ཚོས་བོད་ལྗོངས་ལ་བཟུང་བའི“གནའ་བོའི་བོད་ལྗོངས”ཀྱི་དྲན་འཆར་ཡང་རིམ་བཞིན་བརྟོལ་བ་རེད།
དྲ་གྲོགས་ཀྱི་དོགས་འཆར་སེལ་ཆེད། ལྷ་མོས་རང་ཁྱིམ་དུ་ཟ་མ་གཡོ་སྐོལ་གྱི་གོ་རིམ་བརྙན་དུ་ཕབ་ནས་བསྟན་པ་དང་། ཁོང་ཚོའི་རྒྱུན་སྤྱོད་ཀྱི་ཟས་རིགས་ལ་སྐམ་ཤ་ཡོད་པ་མ་ཟད། ཕག་ཤ་དང་། བྱ་ཤ ས་གནས་ཀྱི་འགྱིག་ཤོག་དྲོད་ཁང་གི་སྔོ་ཚལ་ཡང་ཡོད་པ་རེད།
འདི་ནི་བཀྲ་ཤིས་ལྷ་མོས་རྩམ་པ་བརྫིས་ནས་བརྙན་ཕབ་པའི་ཁྱོ་ག་ཐན་ཧུའེ་ལ་སྟེར་བཞིན་པའི་ཚུལ་རེད།
དོ་སྣང་བྱེད་མཁན་ཁྲི50ཙམ་ཡོད་པའི“སྟེང་པ་ཨ་ཕུར”གྱིས་ཕ་ཡུལ་གྱི་རྣམ་པ་གསར་པ་མང་པོའི་བརྙན་བླངས་ཤིང་། ཉེ་དུས་མིང་ལ་དོན་ལྷུན་ཞེས་པའི་ལོ30ལ་སླེབས་པའི་ཕོ་གཞོན་དེས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་དུ་ཡུལ་མི་ཚོར་པྲོག་གསར་རིམས་འགོག་སྨན་ཁབ་རྒྱག་པའི་བརྒྱུད་རིམ་གྱི་བརྙན་བླངས་པ་དང་། ཁོང་གིས“གོ་ལ་ཧྲིལ་པོར་རིམས་ནད་མཆེད་པའི་སྐབས་འདིར་ང་ཚོ་བདེ་འཇགས་ཡིན་པ་ནི་སྟོབས་ལྡན་མེས་རྒྱལ་གྱི་བཀའ་དྲིན་རེད”ཅེས་བཤད།
ལྷོ་ནུབ་མཐའ་མཚམས་ཀྱི་མི་འབོར་ཅུང་ཉུང་བའི་མི་ཚོགས་སྟེང་པ་ཞིག་ཡིན་པའི་དོན་ལྷུན་གྱིས་རང་ཉིད“དུས་རབས་གསར་པའི་ཞིང་པ་གསར་པ”ཞིག་ཡིན་ཞེས་བརྗོད་ཀྱི་ཡོད་པ་དང་ཐད་གཏོང་བྱས་ནས་དངོས་ཟོག་འཚོང་བའི་ལག་ཁྱེར་ཁ་པར་དེར“ཞིང་ལས་ཡོ་ཆས་གསར་པ”ཞེས་བརྗོད་ཀྱིན་ཡོད།
འདི་ནི་དོན་ལྷུན་གྱིས་སྟེང་པའི་སྲོལ་རྒྱུན་གྱོན་ཆས་གོན་ཏེ་གྲོང་སྡེའི་སྒོ་འགྲམ་དུ་ལངས་བའི་རྣམ་པ་རེད།
གཞི་གྲངས་ལས་མངོན་པར་གཞིགས་ན། 2020ལོར་བོད་ལྗོངས་སུ་དྲ་ཐོག་ཚོང་པའི་ཐད་གཏོང་ཐེངས2000ལྷག་བྱས་ཤིང་། ལྟད་མོ་བ་དུང་ཕྱུར0.6ལ་སླེབས་པ་དང་ཚོང་ཟོག་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི3000ལྷག་ཟིན་ཡོད། དྲ་པོན་དཔལ་འབྱོར་འདི་ཉིད་བོད་ལྗོངས་ཀྱི་འཛད་སྤྱོད་ལ་སྐུལ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་བྱེད་པའི་གཙོ་གནད་དུ་གྱུར་ཡོད།
དྲ་དཔོན་བརྒྱུད་ནས་བོད་ལྗོངས་ཀྱི་དེང་རབས་ཅན་མངོན་ཞིང་། སྒྱུ་རྩལ་ཁང་དང་། ལུས་སྦྱོང་ཁང་། རིག་རྩལ་དཔེ་དེབ་ཁང་། ཁོ་ཧྥེའི་ཁང་སོགས་ནང་ལོགས་ཀྱི་ན་གཞོན་ཚོ་ལས་ཀའི་ཞོར་དུ་འགྲོ་བའི་ས་ཆར་གྱུར་ཡོད། ཉེ་བའི་ལོ་འགའི་རིང་བོད་ལྗོངས་ཀྱི་གྲོང་ཁྱེར་ཁག་ཏུའང་དར་ཁྱབ་བྱུང་བ་མ་ཟད། སྤྱི་ཚོགས་འབྲེལ་འདྲིས་དྲ་རྒྱའི་ལས་སྟེགས་སུ་གཅིག་རྗེས་གཉིས་མཐུད་ངང་ཞུགས་ཡོད། ཁོ་ཧྥེའི་བཟོ་མཁན་དང་། ཇུས་འགོད་པ། གཞས་པ། ལག་རྩེད་སྤོ་ལོ་སྦྱོང་བརྡར་མཁན་སོགས་ལས་རིགས་གསར་པ་དག་ཀྱང་དྲ་ལམ་བརྒྱུད་ཚང་མའི་མིག་ལམ་དུ་མངོན་ཡོད། གངས་ལྗོངས་མཐོ་སྒང་གི་གྲོང་ཁྱེར་གྱི་འཚོ་བའང་དེ་འདྲའི་ངོ་མཚར་ཆེ་བ་ཞིག་འདུག་ཅེས་དྲ་གྲོགས་མང་པོས་ཡ་མཚན་ངང་བཤད།
འདི་ནི་བྱིས་པའི་མོ་ཐྲོལ་དང་མཛེས་དཔྱད་སློབ་གསོའི་གསོ་སྦྱོང་སྒྲིག་གཞི་བཙུགས་པའི་བློ་བཟང་སྒྲོལ་མས་ལུས་སྦྱོང་བྱེད་བཞིན་པ།
ཨའོ་མོན་གྱི་བུ་མོ་ཞིག་གིས་ལྷ་སར་བཙུགས་པའི་འོ་ཇ་ཁང་ཞིག་ཉེ་ཆར་དྲ་ཐོག་ཏུ་སྐད་གྲགས་ཆོད་ནས་ཡུལ་སྐོར་བ་དང་གྲོང་མི་མང་པོའི་ཡིད་དབང་བཀུག་ཡོད། ས་ཐག་རིང་པོ་ནས་དེར་ལས་གཏོད་བྱེད་པར་ཡོང་བའི་རྒྱུ་མཚན་བརྗོད་སྐབས། ཁོ་མོས“ལྷ་ས་ནི་ངོ་མཚར་ཆེ་བའི་ས་ཆ་ཞིག་རེད”ཅེས་བཤད།
“མཚོན་བྱེད་རང་བཞིན་གྱི་ཅ་དངོས་ཕུད་བོད་ལྗོངས་སུ་ད་དུང་སྔོག་འདོན་བྱེད་རིན་ཡོད་པ་མང་པོ་ཡོད” མིང་ལ“བོད་ཀྱི་གཅེན་གཅུང”ཟེར་བའི་བོད་ཀྱི“ཞིང་གསུམ”རིགས་ཀྱི་ཨང་རྟགས་ཆེ་གྲས་དེའི་མཉམ་འབྲེལ་གསར་གཏོད་པ་སུང་མིང་ཝུན་དང་ཁྲེན་ཅུན་ཤིས་ཀྱིས“བོད་ཀྱི་གཅེན་གཅུང”ལ་དོ་སྣང་བྱེད་མཁན་ཁྲི500ལྷག་ཟིན་རྗེས་ས་གནས་འདི་གའི་ན་གཞོན་གྱི་འཚོ་བ་དངོས་རྨང་གཞིར་བྱས་ཏེ་བོད་ལྗོངས་གསར་པའི་ན་གཞོན་གསར་པ་སྔར་བས་མང་བོ་སྔོག་འདོན་བྱས་ནས་སྔོན་ཆད་དང་མི་འདྲ་བའི་བོད་ལྗོངས་ཤིག་མངོན་འདོད་ཡོད་ཅེས་བཤད།
འདི་ནི་ཨའོ་མོན་གྱི་བུ་མོ་ཧྲའོ་དབྱིང་དབྱི་ཡིས་བཙུགས་པའི་ལྷ་སའི་འོ་ཇ་ཚོང་ཁང་རེད།
ཞིང་ཁ་དང་འབྲོག་རའི་ཞིང་སྡེའི་རྣམ་པ་ནས་ཉིན་གསར་ཟླ་འགྱུར་གྱི་དེང་རབས་འཚོ་བའི་བར་ལག་ཁྱེར་ཁ་པར་ལ་བརྟེན་ནས་བོད་ལྗོངས་ཀྱི་ལོ་ངོ་སྟོང་གི་ལོ་རྒྱུས་མངོན་ཐུབ། ལྷ་སའི་གནའ་གྲོང་བར་སྐོར་ཁྲོམ་གཞུང་གི་སྲང་ལམ་གཡས་གཡོན་དུ་ཡོད་པའི་གནའ་བོའི་ཚོང་ཁང་དང་སྒོ་ར་རྙིང་པ་དག་དྲ་བ་བརྒྱུད་སྔར་བས་སྐད་གྲགས་ཆོད་ཡོད།
དེ་སྔོན་བོད་རྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོར་དབང་བའི་སྒེར་གྱི་སྡོད་ཁང་དག་ད་ལྟ་མི་ཚང་མར་སྒོ་ཕྱེ་བའི་སོས་དལ་ཁང་ངམ་ཡང་ན་རིག་གནས་ཤུལ་བཞག་ཏུ་གྱུར་ཅིང་། དེ་སྔོན་དཔོན་པོ་དང་སྐུ་དྲག་ཚོས་ལྟ་བའི་གླུ་གར་དང་ཟ་བའི་ཟས་མཆོག་དག་ད་ལྟ་མཐོ་སྒང་གི་མི་སེར་དཀྱུས་མ་ཚོས་ལོངས་སྤྱོད་ཐུབ་ཀྱིན་ཡོད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
དྲ་དཔོན་གྱིས་དུས་རབས་གསར་པའི་བོད་ལྗོངས་ཀྱི་རྣམ་པ་འགྲེམས་སྟོན་བྱས།