ལྷ་ས་གྲོང་ཁྱེར་གྱི“མཛེས་སྡུག་ལྡན་པའི་ཞིང་སྡེའི་ཡུལ་སྐོར·སྟག་གདོང་གྲོང་ཚོའི་ཁམ་བུའི་མེ་ཏོག་འདུ་ཚོགས”གྱི་མགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟག་གདོང་གྲོང་ཚོས“མཛེས་སྡུག་ལྡན་པའི་ཞིང་སྡེའི་ཡུལ་སྐོར·སྟག་གདོང་གྲོང་ཚོའི་ཁམ་བུའི་མེ་ཏོག་འདུ་ཚོགས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་སྐབས་བཞི་བའི་སྟག་གདོང་ཁམ་བུའི་མེ་ཏོག་འདུ་ཚོགས་བསྡུས། མགོ་ཚུགས་མཛད་སྒོའི་ཉིན་དེར། ཡུལ་སྐོར་བ་དང་ས་གནས་དེ་གའི་གྲོང་མིས་དགའ་སྤྲོ་འཁོལ་བའི་གླུ་སྐད་ཁྲོད་སྟག་གདོང་གྲོང་ཚོའི་ཁམ་བུའི་མེ་ཏོག་མཛེས་ལྗོངས་ཁུལ་ཏུ་སོང་ནས་ཡིད་འོང་མཛེས་ལྗོངས་ལ་བལྟས། 

ཐེངས་འདིའི་ཁམ་བུའི་མེ་ཏོག་འདུ་ཚོགས་དུས་ཡུན་ཟླ་གཅིག་རིང་སྤེལ་རྒྱུ་ཡིན་པ་དང་དེ་ནི་སྟག་གདོང་གྲོང་ཚོས་གྲོང་གསེབ་དར་སྤེལ་དང་མཛེས་སྡུག་ལྡན་པའི་ཞིང་སྡེའི་འཐབ་ཇུས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་པ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བའི་གཅིག་བསྡུས་མཚོན་ཚུལ་ཞིག་ཡིན་ལ། ཤུགས་ཆེན་སྒོས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་མང་ཚོགས་ཕྱོགས་ཡོངས་ནས་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན།

ཉེ་བའི་ལོ་འགའི་རིང་། སྟག་གདོང་གྲོང་ཚོས་ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་བཏང་བ་བརྒྱུད་ས་གནས་དེ་གའི་གྲོང་མིའི་ཡུལ་སྐོར་ཡོང་འབབ་འཕར་བ་དང་། རིག་གནས་ཡུལ་སྐོར་གྱི་ཕྱུག་འགྱུར་ལམ་བུར་བསྐྱོད་དེ་ཐོན་ལས་དར་རྒྱས་དང་། ཁོར་ཡུག་མཛེས་པ། གྲོང་མི་ཕྱུག་པོ་ཆགས་པ་བཅས་མངོན་འགྱུར་བྱུང་བ་རེད། མིག་སྔའི་བར་དུ་སྟག་གདོང་གྲོང་ཚོ་རུ“སྟག་གདོང·བདེ་སྐྱིད་གླིང་ཁ”དང་། “སྟག་གདོང·ཁམ་བུའི་མེ་ཏོག་འདུ་ཚོགས” “སྟག་གདོང·རོལ་དབྱངས་རབ་དགའི་རོལ་རྩེད་དུས་ཆེན” “སྟག་གདོང་ཆུ་ཚན”སོགས་ཡུལ་སྐོར་སྤུས་རྟགས་གཏད་དེ། སྔ་རྗེས་སུ“ཀྲུང་གོའི་ཞིང་སྡེ་མཛེས་ཤོས”དང་། “ཀྲུང་གོའི་ཕྱོགས་ཡོངས་ནས་འབྱོར་འབྲིང་གྲོང་གསེབ་དར་སྤེལ་གཏོང་བའི་ཤང་དང་གྲོང་རྡལ་ཆེ་གྲས་བཅུ” “སྐོར་གཉིས་པའི་རྒྱལ་ཡོངས་ཞིང་སྡེའི་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོ”སོགས་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་མཚན་སྙན10ལྷག་ཐོབ་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།