འཛམ་གླིང་ཡང་རྩེ་རུ་ཆེས་ནན་མོའི་རིམས་འགོག་བྱེད་ཐབས་སྤྱོད་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས9ཉིན། བོད་རང་སྐྱོང་ལྗོངས་རི་འཛེག་དོ་དམ་སྡེ་ཁག་དང་གཞིས་ཀ་རྩེ་གྲོང་ཁྱེར་དང་གཏོང་རི་རྫོང་རིམས་འགོག་འབྲེལ་ཡོད་སྡེ་ཁག་གིས་ཇོ་མོ་གླང་མའི་བྱང་ངོས་ཀྱི་སྒར་ཆེན་དུ་རིམས་འགོག་ཚོགས་འདུ་བསྡུས་པ་དང་། ཇོ་མོ་གླང་མའི་བྱང་ངོས་ཀྱི་སྒར་ཆེན་དུ་པྲོག་གསར་རིམས་ནད་བྱུང་བའི་ནད་དཔེ་མེད་ནའང་། རི་འཛེག་དོ་དམ་སྡེ་ཁག་གིས་ཇོ་མོ་གླང་མའི་རི་རྩེ་རུ་ལོག་བགར་ཐིག་བརྒྱབ་ནས་ཆེས་ནན་མོའི་རིམས་འགོག་བྱེད་ཐབས་སྤྱོད་རྒྱུ་རེད། 

ཇོ་མོ་གླང་མ་ཀྲུང་གོ་དང་ནེ་པ་ལའི་རྒྱལ་མཚམས་སུ་གནས་བ་དང་། རི་འཛེག་ལམ་ཐིག་གཉིས་པོ་ནི་ནེ་པ་ལ་ཕྱོགས་ཀྱི་ལྷོ་ངོས་དང་ཀྲུང་གོའི་ཕྱོགས་ཀྱི་བྱང་ངོས་གཉིས་ཡིན། 

བོད་ལྗོངས་རི་འཛེག་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཚེ་རིང་བསམ་འགྲུབ་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོའི་ཇོ་མོ་གླང་མ་འཛེག་པའི་དུས་ཚུགས་སུ། ཀྲུང་གོའི་ཚོང་ལས་རི་འཛེག་རུ་མི21ལ་ཇོ་མོ་གླང་མའི་བྱང་ངོས་བརྒྱུད་ནས་འཛེག་པར་ཆོག་མཆན་ཐོབ་ཡོད། རུ་མི་ཚང་མ་ཉེན་ཁ་ཆུང་བའི་ས་ཁུལ་ནས་ཐོན་པ་མ་ཟད། ཉིང་སྐྱུར་བཤེར་འཇལ་གྱི་མཇུག་འབྲས་སྲིབས་གཤིས་ཡིན་པའི་དཔང་ཡིག་ཡོད། བོད་ལྗོངས་སུ་ཐོན་སྐབས་ཚང་མ་ལྗང་མདོག་ཨང་བཤེར་ཡོད། ཟླ4བའི་ཚེས9ཉིན་བོད་ལྗོངས་སུ་སླེབས་མ་ཐག་ལྷ་ས་ནས་ལོགས་དབྱེ་བཀག་ཉར་བྱས་རྗེས་ཇོ་མོ་གླང་མའི་ས་ཁུལ་སུ་སོང་བ་རེད། 

བོད་རང་སྐྱོང་ཁུལ་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཉི་མ་ཚེ་རིང་གིས་བཤད་རྒྱུད། རི་འཛེག་པ་ཇོ་མོ་གླང་མའི་རྩེ་མ་གཏོགས་གཞན་ལྷོ་བྱང་ངོས་ཀྱི་རི་འཛེག་ལམ་དུ་ཕན་ཚུན་འཕྲད་པའི་གོ་སྐབས་མེད། ཞིབ་དཔྱད་བྱས་པ་བརྒྱུད། ད་ལོའི་རི་འཛེག་དུས་ཚུགས་མེད་པར་བཟོ་རྒྱུ་མིན་ནའང་། བོད་ལྗོངས་རི་འཛེག་ལམ་སྟོན་རུ་ཁག་གིས་རི་རྩེ་རུ་རིམས་འགོག་བྱེད་ཐབས་ནན་མོ་སྤྱད་དེ་ལྷོ་ངོས་ཀྱི་མི་སྣ་དང་མི་འཕྲད་པ་བྱ་རྒྱུ་རེད། 

མིག་སྔར། ཡུལ་སྐོར་བས་ཇོ་མོ་གླང་མའི་སྒར་ཆེན་དང་ཐག་རིང་བའི་རོང་པོ་དགོན་གྱི་ས་ཁུལ་ནས་ད་གཟོད་ཇོ་མོ་གླང་མའི་མཛེས་ལྗོངས་ལ་བལྟ་ཐུབ།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།