ད་ལོར་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར100ཡན་གཏོང་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི2021ལོའི་གྲོང་གསེབ་དར་སྤེལ་ལ་ཞབས་ཞུ་སྒྲུབ་པའི་ལས་དོན་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཡིད་རྟོན་དངུལ་བུན་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་བས་ལོ་ཧྲིལ་བོར་ཡིད་རྟོན་དངུལ་བུན་གཏོང་ཚད་སྒོར་དུང་ཕྱུར100ཡན་འཕར་རྒྱུ་མ་ཟད། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་ནུས་ལྡན་གཏོང་རྒྱུ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། 2021ལོར་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་གྲོང་གསེབ་དར་སྤེལ་གྱི་སྤྱོད་མཁན་གྱི་གཉེར་སྐྱོང་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས་མཐོ་སྒང་གི་ལེགས་ཆ་ལྡན་པའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་། རྣམ་པ་གསར་བའི་ཞིང་ལས་གཉེར་སྐྱོང་གི་བྱེད་པོ་མགྱོགས་མྱུར་སྒོས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར། རོང་འབྲོག་པ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་རྒྱབ་སྐྱོར་བཅས་བྱ་རྒྱུ་རེད། དེ་དང་ཆབས་ཅིག་ཏུ་དངུལ་རྩས་མཐའ་སྲུང་གི་ལས་འགན་ཁག5དང་བྱེད་ཐབས་ཁག28སོ་སོར་དབྱེ་ནས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ། མཐའ་མཚམས་ཀྱི་ཁྱད་ལྡན་ཐོན་ལས་དང་། མཐའ་མཚམས་ཀྱི་ལྗང་མདོག་ཐོན་ལས། མཐའ་མཚམས་ཀྱི་ཡུལ་སྐོར། མཐའ་མཚམས་ཀྱི་ཟོག་འགྲེམས་ཐོན་ལས་བཅས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱས་ནས“དངུལ་རྩས་མཐའ་སྲུང་གི”ཞབས་ཞུའི་ཚད་གཞི་ཇེ་མཐོ་རུ་གཏོང་བ་དང་། ནང་དོན་རྒྱ་ཆེར་གཏོང་བ། རིམ་པ་ཇེ་མཐོར་འགྲོ་བ་བཅས་མངོན་འགྱུར་ཐུབ་རྒྱུ་རེད།

རྒྱུས་ལོན་བྱུང་བར་གཞིགས་ན། 2020ལོར་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་དྲ་ཐོག་ཞིང་ལས་དངུལ་ཁང་གི་ཚོང་ར་ལ་བརྟེན་ནས་ཁེ་ལས300ལྷག་གི་ཚོང་ཟོག་སྣ་ཁ70ཕྱིར་འཚོང་ལ་རོགས་རམ་བྱས་པ་དང་། ཞིང་ལས་ཐོན་རྫས་སྒོར་ཁྲི1763.21ཕྱིར་འཚོང་བྱེད་རོགས་བྱས་པ། ཞིང་ལས་ཐོན་རྫས་སྒོར་ཁྲི765.44ཐད་ཀར་ཉོ་སྒྲུབ་བྱས་པ། “ནས་ཀྱི་དངུལ་བུན”དང་། “འབྲི་གཡག་གི་དངུལ་བུན”“བདེ་སྐྱིད་ཁྱིམ་གཞིས་ཀྱི་དངུལ་བུན”སོགས་ས་ཁོངས་རང་བཞིན་གྱི་ཁྱད་ལྡན་ཞིང་དུད་ཀྱི་དངུལ་བུན་ཐོན་རྫས15གསར་གཏོད་ངང་བཏོན་པར་རིམ་རྩིས་བྱས་ན་དངུལ་བུན་ཁག2569དང་སྒོར་དུང་ཕྱུར2.84འགྲེམ་གཏོང་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།