གཞིས་ཀ་རྩེ་གྲོང་ཁྱེར་གྱིས་བོད་སྐྱོར་འབྲེལ་གཏུག་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དུས་ཡུན་རིང་བའི་ནང་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་དོན་ལ་མཐོང་ཆེན་བྱས་ནས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་བཞི(ཧྲང་ཧའེ་དང་ཧྲན་ཏུང་། ཧེ་ལུང་ཅང་། ཅི་ལིན)རུ་བོད་སྐྱོར་འབྲེལ་གཏུག་ཞབས་ཞུའི་ལྟེ་གནས་བཙུགས་ཏེ། མཐོ་སློབ་མཐར་ཕྱིན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ཐུབ་པར་སྐུལ་འདེད་ཧུར་ཐག་བཏང་བ་མ་ཟད། ད་དུང་རྩ་འཛུགས་མ་ལག་དང་། ཞབས་ཞུའི་འགན་ལེན། མི་སྣའི་འགྲོ་གྲོན་སོགས་ཀྱི་ཐད་འགན་ལེན་བྱས། ཞིང་ཆེན་དང་གྲོང་ཁྱེར་བཞི་རུ་བོད་སྐྱོར་འབྲེལ་གཏུག་ཞབས་ཞུའི་ལྟེ་གནས་བཙུགས་པ་ནས་བཟུང་། གྲོང་ཁྱེར་ཡོངས་ཀྱིས་བསྡོམས་པས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་བཞི་དང་། ཁེ་ལས་གཉིས(ཀྲུང་ཧྭ་དང་། པོ་ཝུའུ་ཚོགས་པ)བཅས་སུ་ཁེ་ལས་དང་བྱ་གཞག་སྡེ་ཚན་གྱི་ལས་གནས7364བརྩོན་ལེན་བྱས་པ་དང་། ཐེམ་ཁུངས་གཞིས་ཀ་རྩེ་ཡིན་པའི་མཐོ་སློབ་མཐར་ཕྱིན་སློབ་མ298ལྗོངས་ཕྱིར་ལས་ཞུགས་བརྟན་པོ་ཐུབ་པར་རོགས་རམ་བྱས།

གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ལྗོངས་ཕྱིར་ལས་ཞུགས་བྱས་པའི་མཐོ་སློབ་མཐར་ཕྱིན་སློབ་མ་ཚང་མ་རུ་དཔོན་དང་འཛིན་དཔོན་ཙུའུ་ཀྲང་བཅས་ཟུང་དུ་འབྲེལ་བའི་དོ་དམ་བྱེད་སྟངས་ནང་བཅུག་སྟེ། “དྲ་མིག་ཅན”གྱི་ཞབས་ཞུ་བཙུགས་ནས་ཡུག་ཁུལ་གཅིག་པའི་རིགས་ལ་རུ་དཔོན་གྱིས་སྤྱི་འདོམས་བྱེད་པ་དང་། གྲོང་ཁྱེར་གཅིག་པའི་རིགས་ལ་འཛིན་དཔོན་གྱིས་མཐུན་སྦྱོར་བྱེད་པ། ཆུས་དང་རྫོང་གཅིག་པའི་རིགས་ལ་ཙུའུ་ཀྲང་གིས་འགན་འཁུར་བ་རེད། དེ་དང་ཆབས་ཅིག་ཏུ་གཞིས་ཀ་རྩེ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་ཞིང་ཆེན་དང་གྲོང་ཁྱེར་བཞིའི་མཉམ་ལས་སྤེལ་རེས་གཞུང་ལས་ཁང་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། སྡོད་ཁང་འཛུགས་སྐྲུན་སོགས་སྡེ་ཚན་ལ་འཚམས་འདྲི་ཧུར་ཐག་བྱས་ཏེ། ལས་གནས་དང་། ལས་དོན། འཚོ་བ་སོགས་ཀྱི་ཐད་ལས་ཞུགས་མཁན་ལ་རྒྱབ་སྐྱོར་བྱ་རྒྱུ་བརྩོན་ལེན་བྱས། མིག་སྔར། 95%ཡན་གྱི་ལྗོངས་ཕྱིའི་ལས་ཞུགས་མཐོ་སློབ་མཐར་ཕྱིན་སློབ་མར་ས་གནས་དེ་གའི་སྤྱི་བའི་གླ་ཁང་དང་གླ་བདེའི་སྡོད་ཁང་འདོན་སྤྲོད་བྱས་ཡོད་པ་དང་། ཅི་ལིན་ཞིང་ཆེན་གྱིས་གུང་གསེང་གི་དུས་ཚོད་ཇེ་རིང་དུ་བཏང་ནས་ཉིན30གཏོང་རྒྱུ། ཞིང་ཆེན་དང་གྲོང་ཁྱེར་གཞན་དག་གིས་ཀྱང་གུང་གསེང་དུས་ཚོད་ཐད་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱ་རྒྱུ།《བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་བཞི་ཡིས་ཐེམ་ཁུངས་གཞིས་ཀ་རྩེ་ཡིན་པའི་མཐོ་སློབ་མཐར་ཕྱིན་སློབ་མར་ཁ་གསབ་དང་བྱ་དགའ་སྤྲོད་པའི་བྱ་ཐབས》བཟོས་ཏེ་ཟླ་རེར་སྒོར6000ཚད་གཞི་དང་ཟླ་བ་རེའི་གླ་ཕོགས་དངོས་ཀྱི་ཆད་གྲངས་ལྟར་རིམ་རྩིས་བྱས་ན་གླ་ཕོགས་ཆད་གསབ་སྒོར་ཁྲི397སྤྲད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།