ལོ་རྒྱུས་ཤེས་ན་དྲང་བདེན་རྟོགས། སློབ་སྦྱོང་བྱེད་པའི་དུས་སུ་བབས།

—— བོད་ལྗོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་བའི་སྐོར་བཀོད་པ།

ལོ་རྒྱུས་སྦྱངས་ནས་ཕུགས་འདུན་གསལ་རྟོགས་དང་། ཕྱིར་མིག་བལྟས་ནས་འབྱུང་འགྱུར་ཤེས་རྟོགས་བྱེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་ཚད་མཐོའི་མཐོང་ཆེན་བྱས་ཏེ་སློབ་སྦྱོང་སློབ་གསོ་ཟླ་བ་གཅིག་ལྷག་ཙམ་སྤེལ་རིང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་རང་ལྗོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བས་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་དང་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

འགོ་འཛུགས་ས་མཐོ་པོའི་ཐོག་ནས་འགོ་འཛུགས་པ་དང་ཚད་གཞི་མཐོ་པོའི་ཐོག་ནས་སྐུལ་འདེད་བཏང་བ།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚད་མཐོའི་མཐོང་ཆེན་གནང་བའི་འོག་རང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་འཕྲལ་མར་འཚོགས་ནས་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཙུའུ་ཀྲང་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཀྲོང་ཡན་གྱིས་རྒྱུན་ལས་ཙུའུ་ཀྲང་གཞོན་པ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཁྲེན་ཡུང་ཆི་དང་དབང་ཧའེ་ཀྲོའུ་ཡིས་ཙུའུ་ཀྲང་གཞོན་པ། འབྲེལ་ཡོད་སྡེ་ཚན་ཁག་གིས་ཁོངས་མིའི་ཚན་པ་བཅས་བྱེད་པའི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། ཕྱོགས་ཁག་གི་སྟོབས་ཤུགས་སྐོང་འཐེན་བྱས་ནས་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་བཙུགས་ཏེ་ལྗོངས་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལག་བསྟར་ཇུས་གཞི་དུས་ཐོག་ཏུ་བཀྲམ་སྟེ་ལས་དོན་ཁག་ཕྱོགས་ཡོངས་ནས་མགྱོགས་མྱུར་འགོ་བཙུགས་པ་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་རེད།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། རང་ལྗོངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་གཞི་གཅིག་ཇུས་འགོད་དང་། གཞི་གཅིག་བཀོད་སྒྲིག གཞི་གཅིག་སྐུལ་འདེད་བཅས་བྱས་ཡོད།

ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་འགན་འཁུར་བློ་མཐུན་གཙོ་བོས་ཙུའུ་ཀྲང་བྱས་པའི་ལས་ཀའི་སྒྲིག་གཞི་བཙུགས་ཏེ་དུས་ཐོག་ཏུ་སྐུལ་སློང་ཚོགས་འདུ་འཚོགས་ནས་རང་སོ་སོའི་དོན་དངོས་དང་ཟུང་འབྲེལ་གྱིས་ལས་ཀའི་ཇུས་གཞི་བཟོས་པས་འགོ་ཁྲིད་གཙོ་བོས་དམ་འཛིན་དང་། རིམ་པ་བཞིན་དམ་འཛིན། རིམ་པ་བཞིན་དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་པའི་འགན་འཁྲིའི་མ་ལག་ཅིག་གྲུབ་ཡོད།

མིག་སྔའི་བར་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)7དང་། ཆུས(ཀྲུང་དབྱང)ཐད་གཏོགས་སྡེ་ཚན་78 གཞུང་ཁོངས་ཁེ་ལས་11བཅས་ཚང་མས་སྔ་རྗེས་སུ་སྐུལ་སློང་ཚོགས་ཆེན་འཚོགས་ནས་དུས་ཐོག་ཏུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་བཀོད་སྒྲིག་བྱས་པ་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་གི་ཟུར་ཁྲིད། ཏང་ཡོན་རྒན་གྲས་ཀྱིས་ཏང་གི་སློབ་ཚན་ཁྲིད་པ། དཔེ་ཀློག་བྱེད་སྒོ་གཉེར་བ་སོགས་ཀྱི་རྣམ་པའི་ཐོག་ནས་གཅིག་སྡུད་སློབ་སྦྱོང་དང་བགྲོ་གླེང་བྱས་པས་མིག་སྔའི་བར་སློབ་སྦྱོང་བགྲོ་གླེང་བྱེད་སྒོ་སྣ་ཚོགས་ཐེངས་800ལྷག་ཙམ་སྤེལ་ཡོད་པ་རེད།

སློབ་སྦྱོང་གི་ཕན་འབྲས་ལ་སྣང་ཆེན་གྱིས་གཞི་རྟེན་རྣམ་པ་ཕུན་སུམ་ཚོགས་སུ་བཏང་བ།

ཟླ་4ཚེས་7ཉིན་ལྷ་ས་གྲོང་ཁྱེར་གྱིས་དུས་ཐེངས་དང་པོའི་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པའི་བགྲོ་གླེང་འཛིན་གྲྭ་གཉེར་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང“དེ་བས་གསུམ”ཐུབ་པ་བྱེད་པ་དེ་གཙོ་གནད་སློབ་སྦྱོང་གི་སློབ་ཚན་ནང་བཅུག་ཡོད། ལྗོངས་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་ཏང་ཡོན་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་འཆར་གཞིར་བཅུག་ནས་སློབ་ཚན་ཇུས་འགོད་ཞིབ་ཚགས་བྱས་ཏེ་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པར་ཆེད་དོན་གསོ་སྦྱོང་བྱས་ཡོད།

མངའ་རིས་ས་ཁུལ་དང་དེ་བཞིན་སྤུ་ཧྲེང་དང་། རྩྭ་མདའ། རུ་ཐོག་བཅས་རྫོང་གསུམ་དུ་རང་སྐྱོང་ལྗོངས་ཀྱི་ཏང་གི་ལོ་རྒྱུས་དང་ཏང་འཛུགས་སྐྱོང་གི་རིགས་གཅིག་མཁས་ཅན་གདན་ཞུས་ལྟར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་62འཁོར་བར་དྲན་གསོ་ཞུ་བའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུར་ཞུགས་པ་དང་འབྲེལ《ལོ་རྒྱུས་ཀྱི་མཛད་རྗེས་རྡོ་རིང་། མི་དམངས་ཀྱི་བདེ་སྐྱིད་འབྱུང་ཁུངས》བརྗོད་དོན་གཙོ་བོར་བྱས་པའི་སྒྲོག་འགྲེལ་སྙན་ཞུ་བྱས་པར་ས་གནས་དེ་གའི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཚུར་སྣང་ལན་ཆ་ཆེན་པོ་ཐོབ་ཡོད།

རང་ལྗོངས་ཀྱིས་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པར་གཞོགས་འདེགས་ཧུར་ཐག་བྱས་ནས་སྒྲོག་འགྲེལ་ལས་དོན་ཡག་པོ་བསྒྲུབས་པ་དང་། ཆེད་དོན་སྙན་ཞུའི་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས་པ། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་དེ་སྔའི་ཡོན་ཀྲང་གཞོན་པ་ཝུའུ་ཏེ་ཀང་གིས་ཆེད་དོན་སྙན་ཞུ་གནང་བ་དང་ཡན་ལག་ཚོགས་ར་གཙོ་བོ་དང་ཚོགས་ར་ཟུང་འབྲེལ་བྱེད་པའི་རྣམ་པའི་ཐོག་ནས་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་སྙན་ཞུའི་དགོངས་དོན་གཞི་རིམ་དུ་ཁྱབ་གང་ཐུབ་བྱས་པ་རེད། ལྗོངས་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་དུས་ཐོག་ཏུ་སྟོབས་ཤུགས་རྩེ་གྲ་སྒྲིག་འཛུགས་བྱས་ནས་སྟབས་བསྟུན་སྣ་མང་གི་སྒྲོག་འགྲེལ་ལས་དོན་སྤེལ་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གྲོང་ཁྱེར(ས་ཁུལ)དང་། རྫོང(ཆུས) ཤང(གྲོང་རྡལ) གྲོང་ཚོ(གྲོང་ལྷན)བཅས་སུ་བརྒྱུད་བསྒྲགས་བྱས་པ་རེད།

ལྗོངས་ནང་ཁུལ་གྱི་སྨྱན་སྦྱོར་གཙོ་བོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འབྲེལ་ཡོད་གནས་ཚུལ་180ལྷག་ཙམ་སྤེལ་གཏོང་བྱས་པ་དང“སློབ་སྦྱོང་སྟོབས་ཆེའི་རྒྱལ་ཁབ”གྱི་བོད་ཀྱི་སློབ་སྦྱོང་ལས་སྟེགས་ཐོག“ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི”ཆེད་སྒྲིག་ལེ་ཚན་མང་དུ་བཏང་བ་དང་། དཔྱད་གཞི་འོས་སྦྱོར་དང་ས་གནས་ཀྱི་འགུལ་རྣམ་སོགས་ཀྱི་སློབ་སྦྱོང་ཆེད་དོན་བཀོད་སྒྲིག་བྱས་ཡོད། ལྗོངས་ནང་ཁུལ་གྱི་གསར་འགྱུར་དྲ་ཚིགས་གཙོ་བོ་དང་། གྲོང་ཁྱེར(ས་ཁུལ)ཁག་དང་རྫོང(ཆུས)ཁག་གི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་ཆེད་སྒྲིག་ལེ་ཚན་བརྒྱ་ལྷག་ཙམ་བཏོད་དེ་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་བཏོད་ཡོད།

དོན་དངོས་ལ་ལྟ་རྟོག་བྱ་རྒྱུར་སྣང་ཆེན་གྱིས་བོད་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱས་པ།

ལོ་རྒྱུས་ལྔ་པོ་དེ་གང་དག་ཡིན་ནམ། ཅིའི་ཕྱིར་ལོ་རྒྱུས་ལྔ་སྦྱོང་དགོས་སམ། “ལོ་རྒྱུས་ལྔ”ཡི་ལོ་རྒྱུས་ཀྱི་གཏན་ཚིགས་དང་། རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས། དོན་དངོས་ཀྱི་གཏན་ཚིགས་བཅས་ཁོང་དུ་ཇི་ལྟར་ཆུད་པ་བྱེད་དགོས་སམ། ཉེ་ཆར། བོད་ལྗོངས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གིས“ལོ་རྒྱུས་ལྔ”སློབ་སྦྱོང་བྱེད་པའི་ཆེད་དོན་འཆད་ཁྲིད་བྱས་ནས་རྒྱ་ཆེའི་དགེ་སློབ་ཚོས་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་གསོན་ཉམས་དོད་པའི་ལག་ལེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་ཀྲུང་དབྱང་གིས་བོད་ལ་ཐུགས་ཁུར་དང་གཟིགས་སྐྱོང་གནང་ལུགས་ཚོར་ཐུབ་པ་བྱས་པ་རེད།

མི་རིང་བའི་གོང་། ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གིས་གཞི་རིམ་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་སྟེགས་དང་གཡུལ་ས་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཏང་ཡོན་གྱི་སློབ་གསོའི་བྱེད་སྒོའི་ལྟེ་གནས་སྐྲུན་པ། དམག་སྡེ་བཅོ་བརྒྱད་པའི་ལོ་རྒྱུས་དང་། རྫོང་གི་ལོ་རྒྱུས། རྩ་འཛུགས་ཀྱི་ལོ་རྒྱུས། སྡེ་ཚོགས་ཀྱི་ལོ་རྒྱུས། ཉེན་ཟོན་སློབ་གསོའི་དཔེ་མཚོན་སོགས་མཉམ་འདྲེས་བྱས་ནས་རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་དམངས་མང་ཚོགས་ཀྱིས་ལྟ་སྐོར་སློབ་སྦྱོང་ཁྲོད་སློབ་གསོ་ཐོབ་པར་བྱས་ཡོད།

རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་གྱིས་གཙོ་གཉེར་བྱས་པའི“སྡུག་དྲན་སྐྱིད་བསམ་བྱས་ནས་ཏང་གི་བཀའ་དྲིན་ཚོར་བར་བྱེད། ཐོག་མའི་བསམ་འདུན་མ་བརྗེད་པར་ཏང་གི་རྗེས་སུ་འབྲངས”ནས“3·28”ཉིན་མོ་དགའ་བས་བསུ་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་གྲོང་གསེབ་ཏུ་དར་སྤེལ་གཏོང་བའི་བྱེད་སྒོའི་ཁྲོད་ཏང་ཡོན་རྒན་གྲས་ཀྱི་འཐུས་མི་དང་བཟོ་པ་རྒན་གྲས་ཀྱིས་བོད་རྙིང་པའི་ལོ་རྒྱུས་དང་། སྤྱི་ཚོགས་རྙིང་པའི་མྱོང་བ་དངོས་གླེང་བ་དང་། བོད་རྙིང་པའི་མུན་ནག་དང་གདུག་རྩུབ་བརྗོད་ནས་བོད་གསར་པའི་བདེ་སྐྱིད་དང་མཛེས་སྡུག་ལ་བསྔགས་བརྗོད་བྱས་པ་རེད།

དྭངས་གསལ་དུས་ཚིགས་རིང་། ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ནག་ཆུ་སོགས་གྲོང་ཁྱེར་དང་ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་སློབ་གྲྭ་ཁག་གི་རྒྱ་ཆེའི་དགེ་སློབ་སྒྲིག་འཛུགས་བྱས་ཏེ་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་བསྐྱོད་དེ“གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ་དང་སྔོན་གཤེགས་དཔའ་བོའི་བང་སོར་དུར་མཆོད་བྱེད་པ”སོགས་ཀྱི་བྱེད་སྒོ་སྤེལ་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་གུས་བཀུར་ཚད་མེད་དང་རྗེས་དྲན་ཞུ་བའི་ཁྲོད་གཞོན་ནུ་ལོ་ཆུང་སློབ་མ་ཚོས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་ཤེས་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པའི་ཁོང་ཚོའི་ཡིད་ཆེས་དང་ཆོད་སེམས་དེ་བས་བརྟན་དུ་སོང་ཡོད།

གཞན་ཡང་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་ཧུར་ཐག་སྤེལ་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།