བོད་ལྗོངས་ཀྱི་བཅིངས་འགྲོལ་གྲོང་ཚོ་དང་པོའི་འཕོ་འགྱུར།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “བོད་ལྗོངས་ཀྱི་བཅིངས་འགྲོལ་གྲོང་ཚོ་དང་པོ”སྟེ་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་སྐམ་ཐོག་གྲོང་ཚོར་བསྐྱོད་པའི་མི་ཚང་མས་གསར་བརྗེའི་ལོ་རྒྱུས་དང་དཔལ་ཡོན་གྱི་ཉམས་འགྱུར་ཚོར་ཐུབ། གྲལ་འགྲིག་པའི་བོད་ཁྱིམ་སྡོད་ཁང་གསར་བ་ཚང་མའི་ཁང་ཐོག་ཏུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད།

སྐམ་ཐོག་གྲོང་ཚོ་ནི་ཁྲོན་བོད་འབྲེལ་མཚམས་ཀྱི་འབྲི་ཆུའི་འགྲམ་རྒྱུད་དུ་གནས་ཡོད་ཅིང་། 1950ལོའི་ཟླ10པའི་ཟླ་སྟོད་དུ་ཆབ་མདོའི་གཡུལ་འགྱེད་ཀྱི་མགོ་བརྩམས་པ་དང་ཟླ10པའི་ཚེས7ཉིན་གྱི་མཚན་མོར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གནས་འདི་གར་འབྲི་ཆུ་བརྒལ་ནས་དམག་འཐབ་དྲག་པོ་བྱས་ཏེ་ཚེས8ཉིན་གྱི་ཕྱི་དྲོར་བཅའ་སྡོད་བྱས་པའི་བོད་དམག་ཕྱིར་སྐྲོད་བཏང་། དེར་བརྟེན་སྐམ་ཐོག་གྲོང་ཚོ་ནི“བོད་ལྗོངས་ཀྱི་བཅིངས་འགྲོལ་གྲོང་ཚོ་དང་པོར”གྱུར། 

1.png

ལོ70གོང་གི་སྐམ་ཐོག་གྲོང་ཚོ་དེའང་བོད་ལྗོངས་ཀྱི་ས་ཆ་གཞན་དག་དང་འདྲ་བར་མང་ཚོགས་རྣམས་མུན་ནག་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ནང་འཚོ་གནས་བྱེད་བཞིན་ཡོད་པ་དང་མི་མང་ཆེ་བ་ནི་ཞིང་བྲན་རེད། བཅོས་བསྒྱུར་སྒོ་དབྱེ་བྱས་རྗེས་སྐམ་ཐོག་གྲོང་ཚོས་ཁྱིམ་ཚང་ལ་འགན་གཙང་སྤྲོད་བྱེད་པ་ལག་ལེན་བྱས་མཐར་འཚོ་བ་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་པ་རེད། གྲོང་ཚོ་ཡོངས་ཀྱི་མི་ཚང་མའི་ཐོན་སྐྱེད་ཀྱི་བརྩོན་སེམས་སྔར་བས་ཆེ་རུ་ཕྱིན་ཏེ། ལ་ལས་ས་ཞིང་རྨོ་འདེབས་ཀྱི་ལས་དོན་གཉེར་ནས་ཐོན་སྐྱེད་མཐོར་འདེགས་སུ་བཏང་བ་དང་། ལ་ལས་ཕྱི་ཕྱོགས་སུ་ཤིང་བཟོའི་ལས་དོན་གཉེར་བ། ལ་ལས་སྐྱེལ་འདྲེན་གྱི་ལས་དོན་གཉེར་བ་སོགས་སྣ་མང་གཉེར་སྐྱོང་འཕེལ་རྒྱས་སུ་བཏང་བས་ཚང་མའི་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་ཕྱིན།

2016ལོ་ནས་བཟུང་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་དེ“འཛམ་གླིང་ཡང་རྩེ”ནས་སྤེལ་མགོ་ཚུགས་པ་རེད། སྐམ་ཐོག་གྲོང་ཚོའི་ཨུ་ལྷན་གཉིས་ཀྱིས་གོང་རིམ་གྱི་རྒྱབ་སྐྱོར་བརྩོན་ལེན་བྱས་པ་བརྒྱུད། མང་ཚོགས་སྒྲིག་འཛུགས་བྱས་ཏེ་གྲོང་ཚོའི་འགྲོ་ལམ་རྒྱས་སྐྲུན་དང་། ཆུ་རྐ་ཉམས་བཟོ། གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བ། བ་གླང་གསོ་སྤེལ་ཁང་དང་སྣུམ་ལས་སྣོན་བཟོ་གྲྭ་འཛུགས་པ་སོགས་ཀྱི་ལས་དོན་གཉེར་ནས་གྲོང་ཚོའི་ཐུན་མོང་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་བཏང་བ་དང་། གྲོང་མིའི་ཡོང་འབབ་རྒྱུན་ཆད་མེད་པར་ཇེ་མང་དུ་ཕྱིན་ནས་ཁྱིམ་ཚང་ཚང་མས་ཐོག་བརྩེགས་གཉིས་ཅན་གྱི་ཁང་པ་གསར་སྐྲུན་བྱས།

2.png

ཐུན་མོང་མ་ཡིན་པའི་གསར་བརྗེའི་རིག་གནས་དང་། རང་བྱུང་ཡུལ་ལྗོངས། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་བཅས་ཀྱིས་སྐམ་ཐོག་གྲོང་ཚོ་དེ་བོད་ལྗོངས་སུ་ཡུལ་སྐོར་ལ་ཡོང་མཁན་མང་པོའི་ས་ཚིགས་དང་པོར་གྱུར་ཡོད། ཉེ་བའི་ལོ་འགའི་རིང་། འཇོ་མདའ་རྫོང་གིས་གསར་བརྗེའི་ཡུལ་སྐོར་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱས་ཏེ་འབྲི་ཆུའི་དམག་སྡེ་བཅོ་བརྒྱད་པའི་གྲུ་ཁ་སོགས་མཚོན་བྱེད་རང་བཞིན་གྱི་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་བཏོད་པ་དང་། ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་པར་བརྟེན་ནས་བྱུང་བའི་འགྲུལ་ཁང་དང་། རྟ་བོགས་གཏོང་། ཞབས་བྲོ་འཁྲབ་སྟོན། མཛེས་ལྗོངས་འགྲེལ་བཤད་སོགས་ཀྱི་ཞབས་ཞུ་གྲོང་མིའི་ཡོང་འབབ་འཕར་བྱུང་བའི་ཐབས་ལམ་ཞིག་ཏུ་གྱུར་ཡོད།

ལོ་བཅུ་ཕྲག་ཁ་ཤས་རིང་། སྐམ་ཐོག་གྲོང་ཚོའི་མི་རབས་ནས་མི་རབས་ཀྱིས་གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ཏེ་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་ཁྱབ་སྤེལ་དུ་བཏང་ཡོད། འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལྟ་སྐམ་ཐོག་གྲོང་ཚོར་ཁྱིམ་ཚང126དང་མི593ཡོད་པ་དང་། སློབ་གྲྭར་འགྲོ་བཞིན་པའི་སློབ་གྲྭ་ཆུང་འབྲིང་གི་སློབ་མ148དང་སློབ་ཆེན་སློབ་མ48ཡོད་པ། མཐར་ཕྱིན་སློབ་ཆེན་སློབ་མ25ཡོད། 2018ལོའི་ལོ་མཇུག་ཏུ་སྐམ་ཐོག་གྲོང་ཚོའི་ཚགས་འཛུགས་བྱང་སྒྲིག་ཁྱིམ་ཚང33ཚང་མ་དབུལ་ཐར་བྱུང་ནས2020ལོར་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར12552ཟིན་ཡོད། 

3.png

རྗེས་མར། སྐམ་ཐོག་གྲོང་ཚོ་གྲོང་གསེབ་དར་སྤེལ་ནང་ཧུར་ཐག་ཞུགས་ཏེ་ཆུ་དང་གློག འགྲོ་ལམ། འཕྲིན་གཏོང་། དྲ་བ་སོགས་རྨང་གཞིའི་སྒྲིག་བཀོད་དང་ཡུལ་སྐོར་གྱི་ཞབས་ཞུའི་ནུས་པ་སྔར་བས་མཐོར་འདེགས་སུ་བཏང་ནས། གྲོང་ཚོ་འདི་ལོ་རྒྱུས་ཀྱི་གཏིང་ཟབ་པ་དང་གྲོང་ཚོའི་བཀོད་པ་ལེགས་པའི་གསར་བརྗེའི་ཡུལ་སྐོར་ས་ཁུལ་དུ་བསྐྲུན་ཏེ་ཁྱིམ་ཚང་ཚང་མ་སྐྱེ་ཁམས་དང་ཡུལ་སྐོར་ལ་བརྟེན་ནས་ཕྱུག་འགྱུར་འབབ་འཕར་གྱི་ལམ་དུ་བསྐྱོད་པར་འགན་ལེན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།