བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གསར་བའི་སྒོ་འབྱེད་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་རྒྱུས་ལོན་པ་ལྟར་ན། ཁྱོན་བསྡོམས་མ་དངུལ་དུང་ཕྱུར6.6བཏང་བའི་བོད་ལྗོངས་ཀྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྤྱི་པའི་རིག་གནས་དམངས་ཕན་ལས་གཞི་གལ་ཆེན་ཏེ་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གི་བསྒྱུར་བཀོད་རྒྱས་སྐྲུན་ལས་གཞི་དེ་མིག་སྔར་ལས་དོན་སོ་སོའི་འཕེལ་རིམ་བདེ་བླག་ངང་སྤེལ་བཞིན་ཡོད་ལ། སྔོན་དཔག་བྱས་པ་ལྟར་ན་འགྲེམས་ཁང་གསར་བ་དེ་ཟླ6པའི་ནང་ལས་མཇུག་སྒྲིལ་རྒྱུ་རེད།

མིག་སྔར་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གི་བསྒྱུར་བཀོད་རྒྱས་སྐྲུན་རྣམ་གྲངས་དེ་གྱང་བྱུགས་བཟོ་བྱེད་བཞིན་པ་དང་ཁང་ཀླད་འགེབས་པ། འཕྲུལ་གློག་སྒྲིག་ཆས་སྒྲིག་སྦྱོར་དང་ཚོད་ལྟ། བདེ་སྲུང་། མེ་འགོག དྲོད་གཏོང་རྣམ་གྲངས། ཁང་བའི་ནང་གི་རྒྱན་བཟོ། ཆུ་འདྲེན་འབུད། སྐྱེད་ཚལ་ར་བ་སོགས་སྐྲུན་བཞིན་པའི་སྒང་ཡིན།

ལས་གཞི་དེར་ཀྲུང་དབྱང་གི་སྔོན་རྩིས་མ་དངུལ་བསྡོམས་པས་སྒོར་དུང་ཕྱུར6.6བཏང་ཡོད་དེ། ལས་གཞི་དེས་སྤྱིའི་ས་ཞིང་གི་གཞི་ཁྱོན་སྨི་གྲུ་བཞི་མ་ཁྲི6.ཟིན་པ་དང་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི5.8ཟིན་ཡོད། གཞན་ཡང་འཛུགས་སྐྲུན་ལས་དོན་གཙོ་བོ་ལ་བཤམས་སྟོན་འགྲེམས་ཁུལ་དང་། གསོག་ཉར་དངོས་རྫས་དོ་དམ་ཁུལ། སྤྱི་པའི་ཞབས་ཞུའི་ཁུལ། རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁུལ། ཕྱོགས་བསྡོམས་གཞུང་ལས་ཁང་དང་ས་འོག་གི་རླངས་འཁོར་འདུག་ས་བཅས་འདུས་ཤིང་། ལས་གཞི་ལེགས་འགྲུབ་བྱུང་རྗེས་ཕྱོགས་ཡོངས་ནས་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གི་འགྲེམས་སྟོན་དང་སྤྱི་པའི་ཞབས་ཞུའི་ནུས་བ་མཐོ་རུ་ཕྱིན་ནས། ཕྱོགས་ཡོངས་ནས་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་དེ་བོད་ལྗོངས་མཐོ་སྒང་གི་གྲོང་ཁྱེར་ངོ་སྤྲོད་ཐུབ་པའི་ཚོམས་ཆེན་ཞིག་དང་། རྒྱལ་ནང་གི་རྩེ་གྲ་དང་རྒྱལ་སྤྱི་ནས་ཀྱང་མིང་གྲགས་ལྡན་པའི་དེང་རབས་ཅན་གྱི་དངོས་མང་བཤམས་སྟོན་ཞིག་ཏུ་སྐྲུན་རྒྱུར་དམིགས་འབེན་དུ་བཟུང་བ་མངོན་འགྱུར་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།