ཝུའུ་དབྱིང་ཅེས་ནག་ཆུ་གྲོང་ཁྱེར་ལ་བརྟག་ཞིབ་གནང་སྐབས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ།

f79e76ad-e543-47ae-b88d-f17741767447.jpg

འདི་ནི་ཝུའུ་དབྱིང་ཅེས་སྙན་རོང་རྫོང་ཆ་ཚང་སློབ་ཆུང་གཉིས་པར་སློབ་མའི་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷག་བསམ་ཟོལ་མེད་ཀྱིས་དམངས་ལ་བྱ་བ་དངོས་བསྒྲུབས། དོན་དག་ཆེ་ཆུང་མེད་པར་ཐུགས་ཁུར་གཟབ་བཞེས་གནང་། ཟླ་4ཚེས་15ཉིན་དང་16ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་དང་། འབྲི་རུ་རྫོང་། གསེར་རྙེད་ཆུས་བཅས་སུ་ཕེབས་ཏེ། རྒྱ་ཆེའི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་བྱམས་བརྩེའི་ངང་གཟིགས་པ་མ་ཟད། ད་དུང་ཀྲུང་དབྱང་སྐོར་གཟིགས་ཀྱི་ཚུར་ལན་བསམ་འཆར་དག་ཐེར་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་དམ་ཟབ་བྱ་རྒྱུར་སྐུལ་འདེད། ས་ཡོམ་གྱི་གནོད་འཚེའི་གནས་ཚུལ་དང་བསྐྱར་སྐྲུན་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་ཀྱང་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་ལྷན་དུ་ཕེབས་པ་རེད།

བརྟག་ཞིབ་གནང་སྐབས་ཝུའུ་དབྱིང་ཅེས་སློབ་གྲྭར་ཕེབས་ཏེ་སློབ་མའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། གྲོང་ཚོར་ཕེབས་ཏེ“མུའུ་ཁྲི་དང་ཕྱུགས་རིགས་སྟོང”གི་འདུ་འགོད་ལག་བསྟར་བྱས་ཚུལ་མཁྱེན་རྟོགས་གནང་བ། མང་ཚོགས་ཀྱི་ཁྱིམ་དུ་ཕེབས་ཏེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་གནས་ཚུལ་བཀའ་འདྲི་གནང་བ། གེགས་ཁུལ་གྱི་འཐབ་ས་དང་པོར་ཕེབས་ཏེ་ཐོན་སྐྱེད་སླར་གསོའི་གནས་ཚུལ་རྟོག་ཞིབ་གནང་བ་རེད། ཁོང་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་མཐོ་ཚད་ཐོག་ནས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བཅས་བྱས་ཏེ། ལས་དོན་ཚང་མ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ལ་དམིགས་པ་དང་ཤུགས་བརྒྱབ་ནས། མི་རིགས་ཁག་གི་མང་ཚོཌ་ཀྱི་བདེ་སྐྱིད་སྟོན་གྲངས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད། 

ཝུའུ་དབྱིང་ཅེ་དང་ཐོག་སྙན་རོང་རྫོང་དུ་ཕེབས་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་དམ་ཟབ་བྱས་ཚུལ་ལ་མཁྱེན་རྟོགས་གནང་བ་རེད། ཆ་སྙོམས་ས་བབ་སྨི་4700ཡོད་པའི་སྙན་རོང་རྫོང་ནི་འབྲོག་ལས་རྫོང་ཞིག་རེད། ཉེ་བའི་ལོ་ཤས་རིང་རྫོང་དེས་འབྲོག་ས་དང་། རྩྭ་ར། ཕྱུགས་རིགས་སོགས་ཐོན་ཁུངས་ལ་བརྟེན་པའི་ཁར། རྫོང་ཡོངས་ཀྱི་མཉམ་ལས་རྩ་འཛུགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ། འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ནས“ཀུང་སི་+མཉམ་ལས་རྩ་འཛུགས་+འབྲོག་དུད་+གསོ་སྦྱོང་རྟེན་གཞི་+ཚན་ཞིབ་རྟེན་གཞི”ཡི་འཕེལ་རྒྱས་ལམ་བཏོད་དེ་ས་གནས་དེ་གའི་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་བརྟན་པོར་རོགས་རམ་བྱས་ཡོད།

ཤག་ཆུ་ཤང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་སུ། ཝུའུ་དབྱིང་ཅེས་གནས་སྤོས་ཡུལ་མི་རིན་ཆེན་དཀོན་མཆོག་གི་ཁྱིམ་དུ་ཕེབས་ནས་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་དང་ལྷན་དུ་འཚོ་བ་གསར་པ་དང་འགྱུར་ལྡོག་གསར་པའི་སྐོར་ལྷུག་པོར་གླེང་བ་རེད། ཤག་ཆུ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཟླ་སྒྲོན་གྱིས་2019ལོར་ཤང་ཡོངས་སུ་འབྲི་གཡག་མ་རྐང་ལ་ཞུགས་ནས་གསོ་སྤེལ་མཉམ་ལས་ཁང་བཙུགས་པ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ས་ཚིགས་ཀྱི་མི་23ལས་མི་འམ་ངལ་རྩོལ་ལ་བསྡུས་ཡོད་ཅེས་ངོ་སྤྲོད་ཞུས་པ་རེད། རིན་ཆེན་དཀོན་མཆོག་གིས་རང་ཉིད་2019ལོར་བེ་དཀར་གྲོང་ཚོའི་ཤག་རོང་རང་བྱུང་གྲོང་ཚོ་ནས་གནས་འདིར་སྤོས་རྗེས། གསོ་སྤེལ་མཉམ་ལས་ཁང་གི་རྐང་བདག་ཅིག་ཏུ་གྱུར། ན་ནིང་ངའི་ཁྱིམ་ལ་བགོ་འགྲེམས་སྒོར་58000ལྷག་ཙམ་ཐོབ་པས་དགའ་བ་དཔག་མེད་སྐྱེས་བྱུང་ཞེས་བརྗོད། གྱང་ལྡེབས་སུ་གཙོ་འཛིན་གྱི་སྐུ་པར་མཐོན་པོར་བཀལ་བ་དང་ཆ་སྒམ་སྟེང་དུ་གཟི་བརྗིད་མཚན་སྙན་ལག་ཁྱེར་མང་པོ་བསྒྲིགས་ཡོད་པ་གཟིགས་སྐབས། ཝུའུ་དབྱིང་ཅེས་ཐུགས་སྣང་གཤིན་པོས་མང་ཚོགས་ཀྱི་ཁས་ལེན་ཐོབ་པ་དེ་གང་ལས་ལྷག གུང་ཁྲན་ཏང་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་བདེ་སྐྱིད་སྐྲུན་མཁན་རེད། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་འཆང་བའི་འདོད་བློ་ནི་རང་རེའི་ཏང་གི་འབད་འཐབ་དམིགས་ཚད་རེད། ཚང་མས་མུ་མཐུད་ཏང་གི་བཀའ་ལ་ཉན་ཏེ་བློ་རྩ་བརྟན་པོས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་བཅས་བྱས་ན་དེ་བས་མཛེས་སྡུག་ལྡན་པའི་བདེ་སྐྱིད་འཚོ་བ་བསྐྱལ་རྒྱུ་ཡོང་ངེས་རེད། གྲོང་ཚོ(གྲོང་ལྷན)ཡི་ཏང་ཀྲི་པུས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ་དང་། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་འགྱུར་བྱེད་ཐུབ་པ། བརྟན་ལྷིང་སྲུང་སྐྱོང་ཐུབ་པ། གནས་ཚུལ་འཕྲད་སྐབས་མགོ་མི་རྨོངས་པ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་ཀྱི་གཞི་རིམ་ཏང་རྩ་འཛུགས་བསྐྲུན་པ་དམིགས་ཚད་དུ་བྱས་ཏེ། རང་འགན་གཙང་སྒྲུབ་བྱེད་པ་དང་། ནུས་པ་གང་ལེགས་འདོན་པ། མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད། ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་པ་བཅས་བྱས་ནས་འབབ་འཕར་ཕྱུག་འགྱུར་བྱེད་དགོས་ཞེས་གསུངས་པ་རེད།

སྙན་རོང་རྫོང་ཆ་ཚང་སློབ་ཆུང་གཉིས་པ་ནས་དཔེ་དེབ་ཀློག་པའི་སྒྲ་ལྷང་ལྷང་དུ་གྲགས་ཤིང་། སློབ་གྲྭ་དེ་ནི་རྒྱལ་ཁབ་ནུས་རྒྱུ་ཚོགས་པས་སྙན་རོང་ལ་སྐྲུན་རོགས་བྱས་པའི་སློབ་གྲྭ་གསུམ་པ་རེད། ཝུའུ་དབྱིང་ཅེས་སློབ་ཁང་དུ་ཕེབས་ནས་དགེ་རྒན་གྱིས་སློབ་ཁྲིད་གནང་བར་གཟིགས་སྐོར་གནང་བ་དང་། སློབ་མ་ཚོའི་འཚོ་བ་དང་སློབ་སྦྱོང་གི་གནས་ཚུལ་བྱམས་བརྩེའི་ངང་བཀའ་འདྲི་གནང་བ་མ་ཟད། ཚང་མར་མེས་རྒྱལ་དང་བོད་ལ་དགའ་ཞེན་དང་། སློབ་སྦྱོང་ཡག་པོ་ཉིན་བཞིན་ཡར་རྒྱས་ཡོང་བར་བྱེད་དགོས་པའི་སྐུལ་ལྕག་ཀྱང་གནང་བ་རེད། དེ་རྗེས་སློབ་མའི་ཟ་ཁང་དུ་ཕེབས་ནས་སློབ་མའི་ཟ་མའི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་སྦྲགས། སྡེ་ཚན་ཁག་ལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། བཟའ་བཅའི་བདེ་འཇགས་ལ་ཤུགས་སྣོན། ཟ་མ་སྦྱོར་རྟ་ལུགས་མཐུན་བཅས་བྱས་ནས་སློབ་མའི་བདེ་ཐང་འཚར་ལོངས་ལ་ཆ་རྐྱེན་དེ་བས་ལེགས་པ་སྐྲུན་དགོས་པའི་བླང་བྱ་བཏོན་གནང་བ་རེད། ཝུའུ་དབྱིང་ཅེས་རིམ་ཁག་སློབ་གསོ་སྡེ་ཚན་དང་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས“སུའི་ཆེད་དུ་གསོ་སྐྱོང་བྱེད་པ་དང་། མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ། གསོ་སྐྱོང་ཇི་ལྟར་བྱེད་པ”བཅས་ཀྱི་རྩ་བའི་ལས་འགན་ལ་དམ་པོར་དམིགས་ཏེ། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་དང་། བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་ཤུགས་སྣོན། བོད་ཀྱི་མི་རིགས་ཁག་གི་སློབ་མས་ལོངས་སུ་སྤྱོད་ཆོག་པའི་ལོ་15ཡི་གཞུང་གྲོན་སློབ་གསོ་དང“འགན་ལེན་གསུམ”སོགས་ཀྱི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་གསལ་པོར་བརྗོད་པ། ན་གཞོན་སློབ་མ་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་འཆང་བའི་བསམ་བློའི་མོས་སེམས་དང་། ཆབ་སྲིད་ཀྱི་མོས་སེམས། བརྩེ་སེམས་ཀྱི་མོས་སེམས་བཅས་ཆེ་རུ་གཏོང་བའི་སློབ་གསོ་ཁྲིད་སྟོན་བཅས་བྱས་ཏེ་སེམས་གཏིང་ནས་ཏང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བརྩི་བཀུར་ཞུ་དགོས། རང་བྱུང་ཚན་རིག་སློབ་གསོར་ཤུགས་སྣོན་རྒྱག་དགོས་ཤིང་། སློབ་མའི་རྩིས་རིག་སློབ་ཚན་ལ་དགའ་སེམས་དང་ནུས་པ་ཆེ་རུ་བཏང་ནས། མཐའ་མཚམས་མི་རིགས་ས་ཁུལ་གྱི་ས་གནས་འདི་གའི་ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་མཐའ་འཁྱོངས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་གཏིང་ཟབ་སྤེལ་བ། གཞོན་ནུ་ལོ་ཆུང་ལ་ཆུང་དུས་ནས་ཀྲུང་ཧྭ་མི་རིགས་ནི་གཅིག་ལ་གཅིག་འབྲེལ་དང་ཕན་ཚུན་མཉམ་འདྲེས་ཡིན་པ་དང་། ཕན་ཚུན་འབྲལ་མི་རུང་བའི་ལས་དབང་གཅིག་མཐུན་འདུས་གྲུབ་ལ་ངོས་འཛིན་ཐུབ་རྒྱུའི་ཁྲིད་སྟོན་བཅས་བྱས་ནས་མེས་རྒྱལ་ལ་བློ་ཁ་ཕྱོགས་ཤུགས་དང་གོང་བུ་འགྲིལ་ཤུགས་སྔར་བས་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་འབུལ་མཐོ་སྡེ་ཁུལ་ཤག་ནག་གྲོང་ཚོར་ཝུའུ་དབྱིང་ཅེས་ཚེ་རིང་ཐར་གྱི་ཁྱིམ་དུ་ཕེབས་ནས་སྡོད་ཁང་གི་གས་སྐྱོན་ལ་གཟིགས་ཤིང་། ཤག་ཆུ་གྲོང་རྡལ་གྱི་འགན་འཁུར་བློ་མཐུན་ལ་གེགས་རྗེས་ཀྱི་ལས་དོན་ཁག་སྤེལ་ཚུལ་བཀའ་འདྲི་གནང་རྗེས། རིམ་པ་ཁག་དང་སྡེ་ཚན་ཁག་ལ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་ཟུང་འབྲེལ་བྱས་ཏེ། མ་དངུལ་དེ་བས་མང་བ་གཞི་རིམ་དང་ཞིང་འབྲོག་ཁུལ་ལ་བཏང་ནས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཆེ་ཤོས་དང་། སེམས་ཁྲལ་ཆེ་ཤོས། རེ་སྒུག་ཆེ་ཤོས་བཅས་ཀྱི་དཀའ་ངལ་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱས་ནས་བྱ་བ་བཟང་པོ་ཡག་པོར་བསྒྲུབས་ནས་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་པར་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གྱིས་ས་ཡོམ་གྱི་གནོད་འཚེ་ལ་ཚོད་སྐོར་བྱས་ཏེ་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་དུས་ཚོད་དམ་འཛིན་གྱིས་ཡག་པོར་བསྒྲུབས་ནས་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།

ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ཝུའུ་དབྱིང་ཅེས་ཚན་ཁག་ཁག་ཏུ་ཕེབས་ནས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་ཤེས་ལྡན་པ་དང་སྨན་ཁང་གི་ལས་དོན་ཚོར་བྱམས་བརྩེའི་ངང་བཀའ་མོལ་གནང་ཞིང་། བོད་སྐྱོར་སྨན་བཅོས་ཤེས་ལྡན་པར་ལེགས་ཆ་བཏོན་ཏེ་རོགས་སྐྱོར་དང་ལེན་སྨན་ཁང་གི་དོ་དམ་ཆུ་ཚད་དང་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རོགས་བྱས་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་། ལག་རྩལ་གྱི་ཉམས་སད་ཐེག་པ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་བོད་ཀྱི་ས་གནས་དེ་གའི་སྨན་བཅོས་ཤེས་ལྡན་པའི་དཔུང་ཁག་ཅིག་གཏོད་དགོས་པའི་སྐུལ་ལྕག་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།