མལ་གྲོ་གུང་དཀར་རྫོང་གིས་ལྷན་སྐྱེས་ནད་ཕོག་པའི་བྱིས་པར་འཚམས་འདྲི་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉིན་ཤས་གོང་། བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ལས་དོན་མི་སྣས་རྫོང་མི་དམངས་སྨན་ཁང་གི་སྨན་དོན་མི་སྣ་དང་མཐུན་སྦྱོར་བྱས་ཏེ་རྨམ་པ་ཤང་དང་། ཉི་མ་ལྕང་རྭ་ཤང་། རུ་ཐོག་ཤང་། བཀྲ་ཤིས་སྒང་ཤང་སོགས་སུ་བསྐྱོད་དེ། 2020ལོའི་ཟླ་བཅུ་གཅིག་པར་ནན་ཅིང་དུ་གཤགས་བཅོས་ལ་བསྐྱོད་པའི་ལྷན་སྐྱེས་ནད་ཕོག་པའི་བྱིས་པ་དྲག་སྐྱེད་ཇི་ལྟར་བྱུང་མིན་ལ་བརྟག་དཔྱད་ཞིབ་ཕྲ་བྱས་ནས་འཚམས་འདྲི་དང་བརྩེ་སེམས་མཚོན་པར་བྱས་པ་རེད།

ཉི་མ་ལྕང་རྭ་ཤང་ཕྱི་མ་ཁ་གྲོང་ཚོར་སྨན་དོན་མི་སྣས་མཆོ་ཏོ་གཤགས་བཅོས་བྱས་པའི་བྱིས་པར་བརྟག་དཔྱད་ཞིབ་ཕྲ་བྱས་ཤིང་། སྨན་དོན་མི་སྣས་ཕྲུ་གུའི་ནང་མིར་དྲག་སྐྱེད་ཡག་པོ་བྱུང་འདུག ཁྱིམ་བདག་གིས་ཚན་རིག་དང་མཐུན་པའི་སྒོ་ནས་དྲག་སྐྱེད་སྦྱོང་བརྡར་དང་སྐད་ཆའི་སྦྱོང་བརྡར་བྱེད་དགོས་པ་མ་ཟད། བཟའ་བཏུང་གི་གོམས་གཤིས་ཡག་པོ་འཇགས་པར་བྱེད་དགོས་པའི་མངགས་བྱ་བྱས་པ་རེད། བྱིས་པ་དེའི་ཨ་མས“ཕྲུ་གུ་ཟླ་གཉིས་ལ་སླེབས་སྐབས། མལ་གྲོ་གུང་དཀར་རྫོང་སྲིད་གཞུང་གི་གཅིག་གྱུར་སྣེ་ཁྲིད་འོག ནན་ཅིང་དུ་སྨན་རིན་མི་དགོས་པར་གཤགས་བཅོས་བྱེད་པར་ཁྲིད་བྱུང་བས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བཤད།

འཚམས་འདྲི་བྱེད་ཡུལ་དུ་སླེབས་རིན་བཞིན། འཚམས་འདྲི་ཚོགས་ཆུང་གིས་ཕྲུ་གུའི་ཁྱིམ་བདག་དང་བྱམས་བརྩེའི་ངང་གླེང་མོ་བྱས་ཏེ་གཤགས་བཅོས་རྗེས་ཀྱི་ཕྲུ་གུའི་དྲག་སྐྱེད་གནས་ཚུལ་ཤེས་རྟོགས་བྱས་པ་མ་ཟད། དཀའ་ངལ་འཕྲད་པའམ་ཉེ་འཁོར་དུ་རོགས་རམ་བྱེད་དགོས་པའི་ཁྱིམ་ཚང་ཡོད་ན། རྫོང་འཕྲོད་བསྟེན་ཅུས་ལ་འབྲེལ་བ་བྱེད་ཆོག་ཅེས་བཤད་པ་མ་ཟད། ཁོང་ཚོར་འཚོ་བར་དགའ་ཞེན་དང་ཡིད་ཆེས་བརྟན་དུ་གཏོང་དགོས་པའི་སྐུལ་ལྕག་བྱས་པ་རེད། ད་ཐེངས་ལྷན་སྐྱེས་ནད་གཤགས་བཅོས་བྱས་པའི་བྱིས་པ་18དྲག་སྐྱེད་ཡག་པོ་བྱུང་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མལ་གྲོ་གུང་དཀར་རྫོང་གིས་ནད་བཅོས་སྲོག་སྐྱོབ་བྱ་རྒྱུ་ལྟེ་བར་བྱས་ནས་2012ལོ་ནས་བཟུང་བྱིས་པ་ནད་པ་155ནན་ཅིང་སོགས་སུ་ཁྲིད་ནས་སྨན་བཅོས་བྱས་པ་དང་སྐྱ་གྲིབ་ཕོག་པའི་ནད་པ་335ལ་སྨན་རིན་མི་དགོས་པར་སྨན་བཅོས་བྱས་པ་རེད། ད་དུང་སྐད་བརྡ་མི་འཕྲོད་པ་དང་། ཁོར་ཡུག་མི་འཕྲོད་པ། སེམས་པའི་ཁུར་པོ་ལྕི་བ་སོགས་ཀྱི་ནད་པའི་དཀའ་ངལ་སེལ་རོགས་བྱས་པ་མ་ཟད། སྨན་ཁང་ལ་སྡོད་རིང་གི་ཁ་ལག་དང་ཉལ་ཁང་གི་རིན་པ་དང་དེ་བཞིན་ལམ་གྲོན་བཅས་ཚང་མ་རྩིས་ཞུ་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།