ལྷ་ས་གྲོང་ཁྱེར་གྱིས་ཁྲོམ་ར་ལྟ་འདོམས་ཀྱི་འོས་འགན་ལྟ་སྐུལ་པ21བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་འོས་འགན་ལྟ་སྐུལ་པ་བསྡུ་བའི་མཛད་སྒོ་ནས་ཤེས་རྟོགས་བྱུང་བར། སྤྱི་ཚོགས་ལས་རིགས་ཁག་གི་མི་21ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཀྱི་འོས་འགན་ལྟ་སྐུལ་པར་བསྡུས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཁྲིམས་ལུགས་དང་། ཁྲིམས་སྲོལ། སྲིད་ཇུས་བཅས་དྲིལ་བསྒྲགས་དང་། ཁྲོམ་རའི་ཁྲིམས་འགལ་གྱི་བྱེད་སྤྱོད་ཐེར་འདོན། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་སོགས་ལ་འོས་འགན་ལྟ་སྐུལ་པའི་དགེ་མཚན་ལྡན་པའི་ནུས་པ་གང་ལེགས་འདོན་ཆེད། འོས་འགན་ལྟ་སྐུལ་པས་སྤྱི་དམངས་ཀྱིས་ཁྲོམ་ར་ལྟ་འདོམས་ལས་དོན་ལ་བཏོན་པའི་བསམ་འཆར་དང་གྲོས་འགོ་བསྡུ་རུབ་བྱས་ཏེ། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་ཁྲོམ་ར་ལྟ་འདོམས་སྡེ་ཚན་ལ་གཞོགས་འདེགས་བྱས་ནས། བཟའ་བཅའ་དང་། སྨན་རྫས། དམིགས་བསལ་སྒྲིག་ཆས། བཟོ་ལས་ཐོན་རྫས་བཅས་ཀྱི་སྤུས་ཚད་ཀྱི་བདེ་འཇགས་དང་། རིན་གོང་། བརྡ་ཆ་སོགས་ལ་རྒྱུན་གཏན་གྱི་ལྟ་འདོམས་བྱ་རྒྱུ་རེད།

ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཅུས་ཀྲང་ཚེ་རིང་སྒྲོལ་དཀར་གྱིས་ཁྲོམ་ར་ལྟ་འདོམས་ཁོངས་གཏོགས་ཀྱི་ལྟ་འདོམས་ཁྱབ་རྒྱ་ཆེ་བ་མ་ཟད་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད། ད་རེས་བསྡུས་པའི་འོས་འགན་ལྟ་སྐུལ་པས་ལྷ་ས་གྲོང་ཁྱེར་གྱི་ཁྲོམ་ར་ལྟ་འདོམས་ལས་དོན་ལ་རང་ནུས་ཧུར་ཐག་བཏོན་ནས། ཁྲོམ་ར་ལྟ་འདོམས་མ་ལག་གི་མིག་དང་རྣ་བ་ལྟ་བུར་འགྱུར་བ་བྱས་ཏེ་ལྷ་ས་གྲོང་ཁྱེར་གྱི་ཁྲོམ་རའི་སྒྲིག་ལམ་དང་ཐོན་རྫས་ཀྱི་སྤུས་ཚད་ལ་ཐུན་མོང་སྲུང་སྐྱོང་བྱེད་པ་དང་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་བཏང་སྟེ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱ་རྒྱུའི་རེ་བ་ཡོད་ཅེས་གསར་འགོད་པར་བཤད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།