ལྷོ་ཁ་གྲོང་ཁྱེར་དུ་ཆན་ཧྥུ110ཅན་གྱི་གློག་སྒྱུར་ས་ཚིགས་ཞིག་གསར་སྣོན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་གིས་ས་ཁོངས་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་བཏང་བ་དང་བསྟུན། ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་སྔར་བས་མང་པོ་ནང་འདྲེན་བྱས་པ་དང་གློག་འདོན་ཁོངས་གཏོགས་ས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་གློག་སྤྱོད་ཐེག་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པས། དེ་སྔའི་གློག་སྒྱུར་ས་ཚིགས་ཀྱི་གློག་མཁོ་འདོན་གྱིས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་ཐུབ་མེད། གློག་མཁོ་འདོན་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། གློག་མཁོ་འདོན་གྱི་དཀའ་གནད་ཐག་གཅོད་ཏན་ཏིག་བྱེད་པ། གོང་དཀར་རྫོང་གི་ཉིན་བཞིན་འཕེལ་རྒྱས་ཀྱི་ཐེག་ཚད་ཀྱི་དགོས་མཁོ་སྐོང་བ་བཅས་བྱ་ཆེད། 2019ལོར་རྒྱལ་ཁབ་གློག་དྲ་ལྷོ་ཁ་གློག་འདོན་ཀུང་སིས་གོང་དཀར་རྫོང་དུ་ཆན་ཧྥུ110ཅན་གྱི་གློག་སྒྱུར་ས་ཚིགས་ཞིག་གསར་སྐྲུན་བྱ་རྒྱུ་གཏན་འཁེལ་བྱས་པ་རེད།

གསར་འགོད་པས་རྒྱུས་ལོན་བྱུང་བར་གཞིགས་ན། ཆན་ཧྥུ110ཅན་གྱི་ལིའུ་ཆུང་གློག་སྒྱུར་ས་ཚིགས་དེ་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་གི་མངའ་ཁོངས་སུ་གནས་པ་དང་མ་དངུལ་སྒོར་ཁྲི10977བཏང་ཞིང2020ལོར་སྐྲུན་མགོ་ཚུགས་པ་རེད། གློག་སྒྱུར་ས་ཚིགས་དེ་བསྐྲུན་ནས་བེད་སྤྱོད་བྱས་རྗེས་ཁོངས་གཏོགས་ཁུལ3གྱི་གློག་མཁོ་འདོན་ལས་འགན་འཁུར་རྒྱུ་རེད། མིག་སྔར་ལྷོ་ཁ་གྲོང་ཁྱེར་དུ་ཆན་ཧྥུ110ཅན་གྱི་གློག་སྒྱུར་ས་ཚིགས13ཡོད་པ་དང་ད་ལོར་གློག་སྒྱུར་ས་ཚིགས2གསར་སྣོན་བྱ་རྒྱུ་རེད།

རྒྱལ་ཁབ་གློག་དྲ་ལྷོ་ཁ་གློག་འདོན་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་གློག་སྒྱུར་ས་ཚིགས་དེ་བསྐྲུན་ནས་སྤྱོད་མགོ་ཚུགས་པ་དེས་གོང་དཀར་རྫོང་མདོ་ལ་རིང་མོའི་ཨར་འདམ་བཟོ་གྲྭས་ལོ་ཧྲིལ་བོའི་གློག་སྤྱོད་ཚད་ཏུའུ་དུང་ཕྱུར1.2ཀྱི་གནད་དོན་ཐག་གཅོད་ཐུབ་པ་དང་། ཡར་ཀླུང་གཙང་པོའི་བྱང་ངོས་ཀྱི་ཆན་ཧྥུ35ཅན་གྱི་གློག་སྒྱུར་ས་ཚིགས5ཡི་གློག་འདོན་ལས་དོན་ལ་འགན་ལེན་བྱས་ནས་ས་གནས་དེ་གའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་གློག་ཤུགས་ཀྱི་འགན་ལེན་བརྟན་པོ་འདོན་སྤྲོད་བྱེད་ཐུབ་ཅེས་ངོ་སྤྲོད་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།