བོད་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་སྐུལ་འདེད་ཏན་ཏིག་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉིན་ཤས་བསྟུད་མར། བོད་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་ལས་དོན་བླང་བྱར་ནན་པོར་གཞིགས་ཏེ། སྒྲིག་འཛུགས་ཞིབ་ཚགས་དང་། བཀོད་སྒྲིག་དམ་ཚགས། ལག་བསྟར་ནུས་ལྡན་བཅས་བྱས་ཤིང་། དོན་དངོས་གཞིར་བཟུང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གསར་གཏོད་རྣམ་པའི་ཐོག་ནས་སྤེལ་ཏེ། ཏང་ཡོན་དང་ལས་བྱེད་པར་ལོ་བརྒྱའི་ཏང་གི་ལོ་རྒྱུས་ཁྲོད་ནས་བསམ་བློའི་སྟོབས་ཤུགས་ཆེན་པོ་མྱོང་ཚོར་ཐུབ་པ་བྱེད་དགོས་པ་དང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་རྒྱུའི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་དགོས་པའི་ཁྲིད་སྟོན་བྱས་ཡོད་པ་རེད།

ཆབ་མདོ་གྲོང་ཨུད་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཞུང་ལས་ཁང་གིས“ཏང་གི་ལོ་རྒྱུས་སྦྱོང་བ་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ”བཅས་ཀྱི་བླང་བྱར་དམ་པོར་དམིགས་ཏེ། དུས་ཐོག་ཏུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་སྒྲིག་གཞི་དང་ལས་དོན་ཆེད་དོན་ཚན་ཁག་བཙུགས་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་འཚོགས་པ། 《ཆབ་མདོ་གྲོང་ཁྱེར་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་ལག་བསྟར་ཇུས་གཞི》བཟོས་པ་དང་འབྲེལ་བཀྲམ་ནས་ཞིབ་ཕྲའི་བྱ་ཐབས་སྔར་བས་ཞིབ་ཚགས་པོ་དང་འགན་འཁྲི་མི་ཐོག་ཏུ་འཁྱོལ་བ་བྱས་པ་རེད། གྲོང་ཁྱེར་དེ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ནང་དོན་དེ“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་ཀྲི་པུའི་སློབ་སྦྱོང་ཚོགས་འདུ་སོགས་ཀྱི་ནང་དོན་ནང་བཅུག་ནས་གཅིག་སྡུད་སློབ་སྦྱོང་བྱས་པ་དང་། རྫོང(ཆུས)ཁག་དང་ཚན་པ་ཁག་གིས་འགོ་ཁྲིད་ལས་བྱེད་པས་ཏང་གི་སློབ་ཚན་ཁྲིད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འབྲེལ་ཡོད་གློག་བརྙན་དང་བརྙན་འཕྲིན་བརྩམས་ཆོས་ལ་ལྟ་བ། ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་ཀྱིས་མང་ཚོགས་དང་མཉམ་དུ་དཔྱིད་རྨོད་དཔྱིད་འདེབས་བྱེད་པ། སྨན་དོན་མི་སྣས་སྐོར་སྐྱོད་སྨན་བཅོས་དང་འོས་འགན་སྨན་བཅོས་བྱེད་པ། “ལུའེ་ཧྥུང་ལ་སློབ་སྦྱོང”གིས་བྱ་བ་དངོས་སྒྲུབ་པ་སོགས་ཀྱི་རྣམ་པའི་ཐོག་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་ལག་ལེན་ཐོག་འཁྱོལ་བ་དང་རྩ་བ་བརྟན་པོར་ཚུགས་པ་བྱས་ཡོད། མིག་སྔར་གྲོང་ཁྱེར་ཡོངས་སུ་ཏང་གི་ལོ་རྒྱུས་དང་ཏང་གི་སློབ་ཚན་འཁྲིད་པའི་བྱེད་སྒོ་ཐེངས་100ལྷག་ཙམ་སྤེལ་བའི་ནང་ཏང་ཡོན་དང་ལས་བྱེད་པ་མི་ཐེངས་8000ལྷག་ཙམ་ཞུགས་པ་དང་། སྒྲོག་འགྲེལ་བྱེད་སྒོ་ཐེངས་580ལྷག་ཙམ་སྤེལ་བ་ལས་མང་ཚོགས་མི་ཐེངས་ཁྲི་3ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད་པ་རེད།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། གཞིས་རྩེ་གྲོང་ཁྱེར་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་པོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་སྐུལ་འདེད་བཏང་ཞིང་། གཞིས་རྩེ་གྲོང་ཁྱེར་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པའི་རྨང་གཞིའི་ཐོག སློབ་སྦྱོང་དང་སྤེལ་རེས་ཚོགས་འདུ་འཚོགས་པ་དང་འབྲེལ། སློབ་སྦྱོང་གི་དཔྱད་གཞི་གཅིག་གྱུར་ཐོག་མཁོ་འདོན་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ཐུབ་པའི་འགན་ལེན་བྱས་ཡོད། མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)18དང་གྲོང་ཁྱེར་ཐད་གཏོགས་ཚན་པ་70ལྷག་ཙམ་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ་དང་ཆབས་ཅིག རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག” རྒྱལ་དར་བསྒྲེངས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་། “སློབ་སྦྱོང་སྟོབས་ཆེའི་རྒྱལ་ཁབ” “གུང་ཁྲན་ཏང་ཡོན”སོགས་ལས་སྟེགས་ལ་བརྟེན་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཡོད། མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱིས་ཆེད་དོན་བགྲོ་གླེང་ཐེངས་23བྱས་པ་དང་། ཆེད་དོན་འཆད་ཁྲིད་ཐེངས་82བྱས་པ། གཅིག་སྡུད་སློབ་སྦྱོང་ཚོགས་འདུ་ཐེངས་161འཚོགས་ཡོད།

ཉིན་ཤས་བསྟུད་མར་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་སློབ་སྦྱོང་སྤེལ་རེས་བགྲོ་གླེང་གསུམ་དང་། ཆེད་དོན་ཟུར་ཁྲིད་འཆད་ཁྲིད། ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་བཅས་ཀྱི་བྱེད་སྒོ་དང་ཕན་ཚུན་ཟུང་འབྲེལ་བྱས་པའི་ཁར། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ“དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་དང་། ཆབ་སྲིད་ལས་ཁུངས་ཀྱི་འདུ་ཤེས་སློབ་གསོ། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་ཚུར་ལན་བསམ་འཆར་དག་ཐེར་དོན་འཁྱོལ་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ། ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་རྒྱུ་བཅས་དང་མཉམ་འདྲེས་ནུས་ལྡན་བྱས་ཏེ། ཏང་ཡོན་དང་ལས་བྱེད་པ་ཡོངས་སྒྲིག་འཛུགས་བྱས་ནས《མིག་དཔེ་5》ཆེད་སྒྲིག་གློག་བརྙན་བལྟས་ཤིང་། གློག་བརྙན་དེ་བལྟས་པ་བརྒྱུད་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་དང་དཀའ་ངལ་ལ་མི་སྐྲག་པའི་རིམས་འགོག་དཔའ་བོའི་སྙིང་སྟོབས་སློབ་སྦྱོང་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཐོག་མའི་བསམ་འདུན་བསྒྲུབ་རྒྱུ་དང་། མིག་དཔེའི་སྒོ་ནས་རང་རང་སོ་སོའི་འགན་འཁྲི་ཁུར་རྒྱུ། མིག་དཔེ་ཚད་གཞིར་འཛིན་རྒྱུ། མིག་དཔེར་སློབ་སྦྱོང་བྱེད་པ་དེ་དམངས་ལ་ཞབས་འདེགས་ཞུ་བ་དང་ཚོང་དོན་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པའི་རང་རྟོགས་བྱ་སྤྱོད་དུ་འགྱུར་བ་བཅས་ཀྱི་རྟགས་མཚན་མགྲིན་གཅིག་ཏུ་བསྟན་པ་རེད།

རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཁོངས་གཏོགས་ཀྱི་ཚན་པ་ཁག་གིས་ལས་འགན་དོན་འཁྱོལ་དང་། ཁག་བགོས། མཉམ་འགུལ་བཅས་ཀྱི་འགན་འཁྲིའི་ལམ་ལུགས་བཟོས་ནས་རིམ་པ་བཞིན་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་འགན་ཁག་བགོས་བྱས་པ་མ་ཟད། ད་དུང་ཀྲུང་གོ་གུང་ཁྲན་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་དང་བོད་གསར་རྙིང་གི་འགྱུར་ལྡོག་ཧ་ཅང་ཆེན་པོ་ཐུན་མོང་ཐོག་ཤེས་རྟོགས་དང་མྱོང་ཚོར་བྱས་ཏེ། ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་གདེང་ཚོད་འཕེལ་བ། ལོ་རྒྱུས་སྦྱངས་ནས་ཀུན་སྤྱོད་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག་བཅས་བྱེད་པའི་མཐོ་རླབས་ཤིག་ཀྱང་འཕྱུར་ཡོད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།