བོད་རང་སྐྱོང་ལྗོངས་ཀྱི“གཤམ་སྤེལ་ལྔའི”གཅིག་སྡུད་དཔེ་སྟོན་བྱེད་སྒོ་གཞིས་རྩེར་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ4པའི་ཚེས8ཉིན་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པ་དང་གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྒྲུབ་འགན་འཁུར་བའི་རང་སྐྱོང་ལྗོངས་ཀྱི2021ལོའི་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན། བཅའ་ཁྲིམས། དྲིལ་བསྒྲགས་བཅས་ཀྱི་ཞབས་ཞུའི“གཤམ་སྤེལ་ལྔའི”གཅིག་སྡུད་དཔེ་སྟོན་བྱེད་སྒོའི་འགོ་ཚུགས་མཛད་སྒོ་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་རྒྱ་མཚོ་གཞུང་ཤང་དུ་སྤེལ་བ་རེད།

ཞོགས་པ་སྔ་པོར་རྒྱ་མཚོ་གཞུང་ཤང་གི་རིག་གནས་ཐང་ཆེན་དུ་མི་ཚོགས་ཀྱིས་ཁེངས་པས་འཁྲུག་ཆ་དོད་པོ་ཡོད། གཞིས་རྩེ་གྲོང་ཁྱེར་རིག་གནས་ཚན་རྩལ་དང་། འཕྲོད་བསྟེན། བཅའ་ཁྲིམས། ཆོས་ལུགས། ཡུལ་སྐོར་སོགས་སྡེ་ཚན་དང་ལས་རིགས་ཀྱི“གཤམ་སྤེལ་ལྔའི”དང་བླངས་ཞབས་ཞུའི་རུ་ཁག་གིས་འཚང་ཁ་ཤིག་ཤིག་ངང་ས་གནས་ས་ཐོག་ཏུ་དོགས་གནད་སེལ་བ་དང་། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། དྲིལ་བསྒྲགས་ལག་རྟགས་སྤྲོད་པ་སོགས་མང་ཚོགས་ཚོས་དགའ་པོ་བྱེད་པའི་ཐབས་ལམ་ལ་བརྟེན་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་རིག་གནས་ལེ་ཚན་དང་། ཞིང་ལས་ཚན་རྩལ་ཤེས་བྱ། ཚན་རིག་ཁྱབ་གདལ་དྲིལ་བསྒྲགས། བདེ་ཐང་སྨན་བཅོས། བཅའ་ཁྲིམས་བློ་འདྲི། བུད་མེད་ཀྱི་ཁེ་དབང་འགན་སྲུང་སོགས་ཀྱི་ཞབས་ཞུ་བསྒྲུབས་ཡོད།

སྔ་དྲོའི་ཆུ་ཚོད་11ཙམ་ལ་འགོ་ཚུགས་མཛད་སྒོ་འཚོགས་པ་དང་། རྒྱ་མཚོ་གཞུང་ཤང་གྲོང་སྟོད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དབང་ལགས་ཀྱིས་ཞིང་འབྲོག་མང་ཚོགས་ཀྱི་ཚབ་ཞུས་ནས་གཏམ་བཤད་སྤེལ་ཞིང་། ཁོང་གིས“ང་ཚོའི་འཚོ་བ་ལེགས་སུ་ཕྱིན་པ་དང་ཆབས་ཅིག་ཏང་དང་སྲིད་གཞུང་གིས་ལོ་ལྟར“གཤམ་སྤེལ་ལྔའི”བྱེད་སྒོ་ཟམ་མི་ཆད་པར་སྤེལ་ནས་ང་ཚོའི་བསམ་བློ་ཕུན་སུམ་ཚོགས་སུ་དང་། ཤེས་དཔལ་གྱི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པས་ང་ཚོས་བྱེད་སྒོ་འདི་རིགས་མང་ཙམ་སྤེལ་རྒྱུ་དང་ཡག་ཐོག་ཡག་བརྩེགས་ཡོང་བའི་རེ་བ་ཡོད་ཅེས་བཤད།

རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་འབྲེལ་ཡོད་འགན་ཁུར་བས། “གཤམ་སྤེལ་ལྔའི”བྱེད་སྒོ་ནི་ཞིང་འབྲོག་མང་ཚོགས་ཀྱི་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་དང་། ཚན་རིག་རིག་གནས་ཀྱི་བྱང་ཚད། ལུས་སེམས་བདེ་ཐང་གི་བྱང་ཚད། གྲོང་གསེབ་ཤེས་དཔལ་གྱི་ཚད་གཞི་བཅས་མཐོ་རུ་གཏོང་བའི“དམངས་སེམས་འདུ་འགོད”ཅིག་རེད། འདི་ལོ“གཤམ་སྤེལ་ལྔའི”བྱེད་སྒོས་སྤྱི་འདོམས་ངང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་བྱེད་སྒོ་དང་། སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་དམངས་འཚོའི་བྱེད་སྒོ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་གྱི་བྱེད་སྒོ། “ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་གྱི་བྱེད་སྒོ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ་བཅས་དང་ཟུང་འབྲེལ་བྱས་ཏེ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། བྱེད་ཐབས་དང་ཐབས་ལམ་གསར་པ་གཏོད་པ། མང་ཚོགས་ལ་ལྷག་བསམ་རྣམ་དག་གིས་ཞབས་འདེགས་ཞུ་བ། ཞིང་འབྲོག་མང་ཚོགས་ཀྱི་བསམ་བློ་དང་ཐོན་སྐྱེད་འཚོ་བའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བཅས་བྱས་ཏེ། ནང་དོན་ཕུན་སུམ་ཚོགས་སུ་གཏོང་བའི་ཐད་དོན་སྙིང་གསར་པ་བསྣན་པ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བའི་ཐད་ཐབས་ཇུས་བཏོན་ནས“གཤམ་སྤེལ་ལྔའི”བྱེད་སྒོ་གཞི་རིམ་དང་། མང་ཚོགས། འཚོ་བ་བཅས་ལ་ཉེ་བཅར་བྱས་ཏེ“གཤམ་སྤེལ་ལྔའི”བྱེད་སྒོའི་དུས་རབས་ཀྱི་ཚོར་སྣང་དང་། ཕན་ནུས་རང་བཞིན། ཡིད་དབང་འགུག་ཤུགས། ཤུགས་རྐྱེན་ཐེབས་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་བཤད་པ་རེད།

འགོ་ཚུགས་མཛད་སྒོའི་ཐོག ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་ལེ་ཚན་ལ་དེ་གར་ཡོད་པའི་མང་ཚོགས་ཀྱི་དགའ་བསུ་ཡང་ཡང་ཐོབ། འགོ་ཚུགས་ཞབས་བྲོ《ནམ་ཡང་གླུ་ཞིག་བླངས་ནས་ཏང་ལ་འབུལ》ཞེས་པ་དང་སྐྱེས་པའི་རྐྱང་གཞས《ངས་མེས་རྒྱལ་ལ་མཆོད་ཆང་ལན་གསུམ་འབུལ》ཞེས་པས་མི་རིགས་ཁག་གི་མང་ཚོགས་ཚོས་མེས་རྒྱལ་ལ་དགའ་ཞེན་དང་ཀྲུང་གོ་གུང་ཁྲན་ཏང་ལ་དགའ་ཞེན་བྱེད་པའི་མེ་ལྕེ་ལྟ་བུའི་བརྩེ་སེམས་མཚོན་པ་དང་། བུད་མེད་ཀྱི་ཞབས་བྲོ《མཐའ་སྲུང་གི་སེམས་པ》དང་སྐྱེས་པའི་ཞབས་བྲོ《ཇོ་མོ་གླང་མའི་འདབས་ཀྱི་གཞོན་ནུ》ཞེས་པས་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་མཐའ་མཚམས་མི་དམངས་ཀྱིས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཧུར་ཐག་བྱེད་པའི་ཆོད་སེམས་ལ་བསྟོད་གླུ་ཕུལ་ཡོད། མཇུག་ཏུ་དེ་གར་ཡོད་པའི་ལྟད་མོ་བ་རྣམས་ཀྱིས་མཉམ་གཞས་ཆེན་པོ་བཏང་ཞིང་། ལྷབ་ལྷུབ་ཏུ་གཡོ་བའི་རྒྱལ་དར་དང་སྐད་གསང་མཐོན་པོའི་གླུ་སྒྲས་བྱེད་སྒོར་མཐོ་རླབས་འཕྱུར་ཡོད། རིག་གནས་ཐང་ཆེན་གྱི་ཉེ་འཁོར་དུ། “ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི”འགྲེམས་པང་གྲལ་སྟར་འགྲིག་པོས་བཞག་ཡོད་པ་དང་། ཡིག་རིས་གཉིས་ལྡན་གྱི་ནང་དོན་ལས་མང་ཚོགས་མི་ཉུང་བ་ཞིག་གི་ཡིད་དབང་འཕྲོག་ཡོད། “‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’སྒྲོག་འགྲེལ་པ་ཞིག་ཡིན་པའི་ངས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་སྐྱེད་སྲིང་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་རྒྱུར་ཁྲིད་སྟོན་བྱ་རྒྱུ་དེ་གོམ་སྟབས་རྗེས་མར་དྲིལ་བསྒྲགས་ལས་དོན་སྤེལ་བའི་ནང་དོན་གཙོ་བོར་བརྩིས་ནས་མི་རིགས་ཁག་གི་མང་ཚོགས་ཚོས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་སེམས་འཆང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བར་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་2020ལོའི་ལོ་འཁོར་གྱི“དང་བླངས་པ་ཡག་ཤོས”ཀྱི་མཚན་སྙན་ཐོབ་པའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་པ་ཉི་མ་ཚེ་རིང་གིས་བཤད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།