བོད་རང་སྐྱོང་ལྗོངས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།

d80ea659-c1cc-480f-a848-116ee071f194.jpg

ཟླ་4ཚེས་9ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་9ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་ཤིང་། ལས་འགན་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ་རང་ལྗོངས་ཀྱི་རིམས་འགོག་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་། སྔོན་ཐོན་མི་སྒེར་དང་སྔོན་ཐོན་མཉམ་སྡེབ་ལ་གཟེངས་བསྟོད་བྱས་ནས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་རླབས་ཆེན་གྱི་རིམས་འགོག་སྙིང་སྟོབས་དར་སྤེལ་གཏོང་རྒྱུར་སྔར་བས་སྐུལ་སློང་དང་ལྕག་སྐུལ་བྱས་ཏེ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པའི་ནང་ཞུགས་པ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་རྒྱུན་ཆད་མེད་པར་གཅིག་སྡུད་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་རྒྱུར་འབད་འཐབ་ལྷོད་མེད་བྱ་རྒྱུ་དེ་ཡིན་པ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཚོགས་འདུ་གཙོ་སྐྱོང་གནང་བ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཀྲང་ཞུའེ་ཅེ་དང་། བསྟན་ཁོ། ཅང་ཅེ། ཧོ་ཝུན་ཧའོ། པད་མ་དབང་འདུས། ཝང་ཝུའེ་ཏུང་། ཁྲེན་ཡུང་ཆི། དབང་ཧའེ་ཀྲོའུ་བཅས་ཚོགས་འདུར་ཞུགས་ཡོད།

སྔ་དྲོའི་ཆུ་ཚོད་བཅུ་པ་ཏག་ཏག་ལ་ཚོགས་ཆེན་འགོ་ཚུགས་པས། ཚང་མས་ཡར་བཞེངས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བཏང་གནང་བ་རེད། 

ཀྲོང་ཡན་གྱིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་གནང་བ་རེད། ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་པའི་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་མཉམ་སྡེབ་དང་། ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན། ལྗོངས་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐུས་མི་བཅས་ལ་གཟེངས་བསྟོད་གནང་བ་རེད།

ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་མཉམ་སྡེབ་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། དམག་འཐབ་ཆེན་པོ་དེའི་ནང་དངོས་སུ་ཞུགས་མཁན་དང་། འབད་འཐབ་བྱེད་མཁན། ལེགས་སྐྱེས་འབུལ་མཁན་བཅས་ལ་བླ་ན་མེད་པའི་གུས་འདུད་དང་། བོད་ཀྱི་རིམས་འགོག་འཐབ་རྩོད་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་མཁན་རིམ་པ་ཁག་དང་ཕྱོགས་ཁག་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ད་ལྟ་སྔར་མུས་བཞིན་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་རྒྱ་ཆེའི་རིམས་འགོག་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།

ཝུའུ་དབྱིང་ཅེས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ང་ཚོས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། མཆན་བཀོད་མཛུབ་སྟོན་གལ་ཆེན་བཅས་ཀྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཆབ་སྲིད་ཀྱི་འགན་འཁྲི་ལྕི་པོ་མཐའ་གཅིག་ཏུ་འཁུར་བ་བཅས་བྱས་ནས་དམིགས་བསལ་གྱི་བྱེད་ཐབས་ལ་བརྟེན་ཏེ་དམིགས་བསལ་གྱི་བྱ་བར་ཁ་གཏད་བཅག་ནས་དུས་ཚོད་དམ་འཛིན་གྱིས་ནད་གདོན་དང་འཐབ་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། བརྟན་ལྷིང་སྲུང་སྐྱོང་། དབུལ་སྒྲོལ་འགག་སྒྲོལ། ཕྱོགས་ཡོངས་འབྱོར་འབྲིང་བཅས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་དང་ལྗོངས་ཡོངས་ཀྱི་མི་དམངས་ལ་གཟེངས་སུ་ཐོན་པའི་རྒྱུགས་ལན་ཞིག་ཕུལ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཀའ་རྒྱ་ཐོས་མ་ཐག་བྱ་སྤྱོད་སྤེལ་ཏེ་བཀའ་རྒྱ་ལག་བསྟར་ནན་པོ་དང་ཅི་གསུང་བཀའ་སྒྲུབ་ཐུབ་པའི་འགན་ལེན་བྱས་ཡོད། རིམ་ཁག་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་དང་། སྡེ་ཚན་ཁག་དང་ཚན་པ་ཁག་གིས་འཁྲི་འགན་རང་འཁུར་དང་རང་འགན་གཙང་སྒྲུབ་བྱས་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད། རྒྱ་ཆེའི་ཏང་ཡོན་ཚོས་རང་ཉིད་བློས་གཏོང་དང་གདོང་མཆོང་བྱས་ཏེ་དུས་རབས་གསར་པའི་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་གཤིས་མངོན་པར་བྱས་ཡོད། རྒྱ་ཆེའི་སྨན་དོན་པས་གོས་དཀར་བཀླུབས་ཏེ་འཐབ་ས་མདུན་མར་བསྐྱོད་ནས་ཤ་ཁྲག་གི་ཕུང་པོ་ལས་གྲུབ་པའི་ཚེ་སྲོག་གི་ལྕགས་རི་རིང་པོ་བསྐྲུན་ཡོད། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཀུན་སེམས་གཅིག་སྒྲིལ་བྱས་ནས་དམངས་ཡོངས་ཀྱིས་རིམས་ནད་ལ་འཐབ་རྩོད་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད། ལྗོངས་ཡོངས་ཀྱི་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་དང་ལྟ་རེས་སྐྱོང་རེས་བྱས་ནས་འགག་རྩའི་དུས་སུ་རང་ནུས་འདོན་པ་དང་ལག་གདང་སྦྲེལ་ནས་རིམས་ནད་འགོག་པའི་གསོན་ཉམས་དོད་པའི་ལེའུ་བརྩམས་ཡོད། མི་རིགས་ཁག་གི་གཞོན་ནུས་དཀའ་ཉེན་ལ་མི་སྐྲག་པ་དང་འགན་འཁྲི་ལྕི་པོ་འཁུར་ཕོད་པ་བྱས་ནས་དམག་འཐབ་དྲག་པོ་རྒྱག་ཐུབ་པ་དང་འགན་འཁྲི་ལྕི་པོ་འཁུར་ཐུབ་པའི་ལང་ཚོའི་ཉམས་འགྱུར་མངོན་པར་བྱས་ཡོད།

ཝུའུ་དབྱིང་ཅེས་གསུངས་དོན། མིག་སྔར་བོད་འདི་ཉིད“སྤྱི་ཡོངས་ཆེན་པོ་གཉིས”མཉམ་འདྲེས་དང“ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད”མཉམ་འདུས་ཀྱི་འགག་རྩའི་མཚམས་ཚིགས་སུ་གནས་པས། ང་ཚོས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལོན་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་བཀོད་པ་གསར་པའི་ནང་ཞུགས་པ་བཅས་བྱེད་པ། རིམས་འགོག་གི་རླབས་ཆེའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་དེ་བས་ལེགས་པ་བྱེད་པ། “བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། “འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། “དོན་ཆེན་བཞི”ཡག་པོ་སྒྲུབ་པ། “འགན་ལེན་བཞི”མངོན་འགྱུར་ཡོང་བ་བཅས་བྱས་ནས་དུས་རབས་གསར་པར་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མཇུག་བསྡུ་དུས་འགོ་འཛུགས་སྐབས་བཞིན་གཟབ་ནན་བྱས་ཏེ་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་ལྷོད་མེད་བྱེད་པ་དང་། “རིམས་ནད་ཕྱི་ནས་མ་འགོ་བ་བྱེད་པའི”འགོག་སྲུང་འཛིང་རགས་ཡག་པོ་སྲུང་བ། འགག་སྒོའི་བགྲོད་ལམ་གྱི་ལྟ་ཞིབ་ཚད་ལེན་ལས་དོན་ལ་ཤུགས་སྣོན་རྒྱག་པ། ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་སྐུལ་འདེད་བརྟན་པོ་གཏོང་བ། སྤྱི་པའི་འཕྲོད་བསྟེན་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལམ་ལུགས་དང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྤྱི་ཚོགས་ཀྱི་འགོག་སྲུང་འཛིང་རགས་ཆེན་པོ་གཏོད་པ་བཅས་བྱེད་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།