ཝུའུ་དབྱིང་ཅེ་ལྷ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ།

e34d1655-9f57-47d7-8229-7f6643f37082.jpg

འདི་ནི་ཝུའུ་དབྱིང་ཅེས་ཚང་མ་དང་ལྷན་དུ་ཤིང་འཛུགས་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ས་མཐོར་དཔྱིད་དཔལ་རབ་ཏུ་བཞད། ས་གཞི་སྔོ་ལྗང་གོས་ཀྱིས་བཀླུབས། ཟླ་4ཚེས་6ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་སོགས་རང་སྐྱོང་ལྗོངས་ཏང་སྲིད་དམག་གི་འགོ་ཁྲིད་ལྷ་ས་མཐོ་གསར་ཁུལ་སྣེའུ་ཤར་ཟམ་ཆེན་འོག་གི་འོས་འགན་ཤིང་འཛུགས་ཡུལ་དུ་ཕེབས་ཏེ། ལས་བྱེད་ལས་བཟོ་དང་། གྲོང་མི་མང་ཚོགས། སློབ་ཆུང་གི་དགེ་སློབ་བཅས་དང་མཉམ་དུ་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ་རེད། ཝུའུ་དབྱིང་ཅེས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ། སྲུང་སྐྱོང་ཧུར་ཐག་དང་བྱས་རྗེས་ཧུར་ཐག་འཇོག་པ་བཅས་བྱས་ཏེ་ས་མཐོའི་སྲོག་ཆགས་དང་། རྩྭ་རྩི་ཤིང་། རི་ཆུ་ཀླུང་གསུམ་བཅས་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཀྲོང་ཡན། ཀྲང་ཞུའེ་ཅེ། བསྟན་ཁོ། ཅང་ཅེ། ཧོ་ཝུན་ཧའོ། པད་མ་དབང་འདུས། ཝང་ཝེ་ཏུང་། ཁྲེན་ཡུང་ཆི་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལྷན་དུ་རླངས་འཁོར་ལ་བཞུགས་ནས་ཤིང་འཛུགས་ཡུལ་དུ་ཕེབས་ཏེ་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་ཤིང་འཛུགས་པ་དང་ཆུ་བསྐྱོན་པ་སོགས་གནང་ནས་སོམ་དཀར་དང་། སྒྲོན་ཤིང་། མངར་འབྲས་མེ་ཏོག ཁམ་སྡོང་སོགས་བཏབ་གནང་བ་དང་ཤིང་འཛུགས་ཡུལ་དུ་ཚ་ཚ་འུར་འུར་གྱི་ངལ་རྩོལ་གྱི་རྣམ་པས་ཁེངས་ཡོད་པ་རེད།

ཝུའུ་དབྱིང་ཅེས་ལྕང་མ་འཛུགས་ཞོར་དུ་ཤིང་སྣ་དང་། རྒྱུན་གཏན་གྱི་བདག་སྐྱོང་། རང་ལྗོངས་ཀྱི་ཤིང་འཛུགས་ནགས་བཟོ་སོགས་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་གནང་ཞིང་། ཁོང་གིས། ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གྱིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་དང་། གྲོང་ཁྱེར་དང་གྲོང་གསེབ་སྔོ་འགྱུར་མཛེས་བཟོར་སྐུལ་འདེད་ཏན་ཏིག་བཏང་བ་དང་། ས་བབ་མཐོ་ཚད་སྨི་4300མན་ས་ཁུལ་གྱི་གྲོང་ཚོ་དང་དུད་ཚང་ཚང་མར་སྐྱེ་ཤིང་ཡོད་པར་བྱས་པས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཟླ་4ཚེས་2ཉིན་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ། མཛེས་སྡུག་ལྡན་པའི་ཀྲུང་གོ་ནི་མཛེས་པོ་ཡོང་ཆེད་ཙམ་མིན་པར་བདེ་ཐང་གི་ཆེད་དུ་ཡིན་པའི་བླང་བྱ་མཐའ་འཁྱོངས་བྱེད་པ། སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ། “དོན་ཆེན་བཞི”ཡག་པོ་སྒྲུབ་པ་དང“འགན་ལེན་བཞི”མངོན་འགྱུར་ཡོང་བར་དམ་པོར་དམིགས་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་སྐྲུན་པ་བཅས་བྱས་ཏེ། མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་ཧུར་ཐག་སྐྲུན་དགོས་པ་མ་ཟད། ཆུ་ཚད་དེ་བས་མཐོ་བའི་སྒོ་ནས་རང་ལྗོངས་ཀྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་བྱ་གཞག་ལ་སྐུལ་འདེད་ཀྱང་གཏོང་དགོས། སྲུང་སྐྱོང་ཧུར་ཐག་བྱེད་པ་དང་། བྱས་རྗེས་འཇོག་པ། མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཤིང་འཛུགས་ནགས་བཟོའི་ཚན་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། བོད་ཀྱི་དམིགས་བསལ་ས་ཁམས་དང་། གནམ་གཤིས་ཁོར་ཡུག གྲོང་ཁྱེར། ཞིང་འབྲོག་ཁུལ་སོགས་ཀྱི་དགོས་མཁོ་མི་འདྲ་བར་དམིགས་ནས་རང་ལྗོངས་ཀྱི་གནམ་གཤིས་དང་འཚམ་པ་དང་། གསོན་ཚད་མཐོ་བ། མ་གནས་དམའ་བ་བཅས་ཀྱི་ཤིང་སོན་གྱི་སྣ་ཁ་དུས་ཐོག་ཏུ་ཁྱབ་གདལ་གཏོང་དགོས། གྲོང་ཚོའི་འགྲམ་དང་། ལམ་གྱི་འགྲམ། ཞིང་ཁའི་འགྲམ། ཆུའི་འགྲམ་བཅས“འགྲམ་བཞིའི”ཤིང་འཛུགས་བྱེད་སྒོ་ཡག་པོ་སྤེལ་ཏེ། གནམ་གྲུས་སོན་འདེབས་ནགས་བཟོ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བོད་ལྗོངས་ཀྱི་ཤིང་འབྲས་སྡོང་པོའི་སྣ་ཁ་ཞན་འགྱུར་སོགས་ཀྱི་གནད་དོན་ཞིབ་འཇུག་ཐག་གཅོད་ཡག་པོ་བྱེད་དགོས། མི་ཚང་མས་ལྗོན་ཤིང་ལ་དགའ་ཞེན་དང་། ལྗོན་ཤིང་འདེབས་པ། ལྗོན་ཤིང་སྲུང་སྐྱོང་བཅས་ཀྱི་ཤེས་དཔལ་དར་སྲོལ་དར་སྤེལ་བཏང་སྟེ། མང་ཚོགས་སྐྱེ་ཁམས་འཛུགས་སྐྱོང་ནང་ཞུགས་རྒྱུར་སྐུལ་ཁྲིད་དང་སྒྲིག་འཛུགས་ཧུར་ཐག་བྱས་ནས་མང་ཚོགས་ལ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཤིང་འཛུགས་བྱེད་སྒོའི་ནང་ཝུའུ་དབྱིང་ཅེས་ཤིང་འཛུགས་བྱེད་སྒོར་ཞུགས་མཁན་སློབ་ཕྲུག་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་ཕྲུ་གུ་ཚོའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། སློབ་ཕྲུག་ཚོ་སྣེའུ་ཁུལ་གསར་དམར་དམག་སློབ་ཆུང་གི་ལོ་རིམ་དྲུག་པའི་སློབ་མ་ཡིན་པ་མཁྱེན་རྗེས། ཁོང་གིས་ཕྲུ་གུ་ཚོར་ཆུང་རྒྱུགས་སྐབས་སློབ་གྲྭ་གང་དུ་མིང་ཐོ་འགོད་རྩིས་ཡོད་ལུགས་བཀའ་འདྲི་གནང་བ་རེད།

“ཁྱེད་ཚོ་སློབ་འབྲིང་གང་དུ་ཚུད་ན་བསམ་གྱི་འདུག་གམ”ཞེས་འདྲི་སྐབས།

“ང་ནང་སའི་བོད་ལྗོངས་འཛིན་གྲྭར་རྒྱུགས་འཕྲོད་ན་བསམ་གྱི་འདུག”“ང་པེ་ཅིང་དུ་འགྲོ་འདོད་འདུག”“ང་ཅང་སུའུ་རུ་འགྲོ་འདོད་འདུག”“ང་ཧྲང་ཧའེ་རུ་འགྲོ་འདོད་འདུག”ཅེས་ཕྲུ་གུ་ཚོས་འཚང་ཁ་ཤིག་ཤིག་ངང་ལན་བརྒྱབ།

ཝུའུ་དབྱིང་ཅེས། ད་ཕན་ལོ་ཤས་རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རོགས་སྐྱོར་འོག་ལྷ་སའི་སློབ་འབྲིང་ཁག་གི་སློབ་ཁྲིད་ཀྱི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་ཡོད། སློབ་ཕྲུག་ཚོས་སློབ་སྦྱོང་ཧུར་ཐག་བྱས་ཏེ་རང་ཉིད་ཀྱི་བློ་ལ་བབས་པའི་སློབ་གྲྭར་ཚུད་པ་བྱེད་དགོས། ཁྱེད་ཚོ་གང་དུ་རྒྱུགས་འཕྲོད་ཀྱང་ཏང་གི་བཀའ་དྲིན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར། མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་བཅས་སེམས་ལ་ངེས་དགོས་ཞེས་གསུངས་པ་རེད།

“ཁྱེད་ཚོ་དམར་དམག་སློབ་ཆུང་ནས་ཡིན་ན། ཁྱེད་ཚོས་དམར་དམག་ལོ་ག་དུས་དབུ་བརྙེས་པ་ཤེས་ཀྱི་ཡོད་དམ”ཅེས་དྲིས།

སློབ་མ་ཚོས་ཏང་གི་ལོ་རྒྱུས་ལ་རྒྱུས་མངའ་དེ་ཙམ་མེད་པ་མཁྱེན་སྐབས། ཁོང་གིས་སློབ་མ་ཚོར་གསོན་ཉམས་དོད་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་གི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་འཁྲིད་དེ་ནན་ཁྲང་འོས་ལངས་དང་། སྟོན་བསྡུའི་འོས་ལངས། ལེ་དབར་ཉིས་ཁྲི་ལྔ་སྟོང་གི་རྒྱང་སྐྱོད་སོགས་ཏང་གི་ལོ་རྒྱུས་གཏམ་རྒྱུད་གསུངས་པ་མ་ཟད། མའོ་ཙེ་ཏུང་དང་། ཀྲོའུ་ཨེན་ལའེ། ཀྲུའུ་ཏེ། ཧོ་ལུང་སོགས་ཀྲུང་གོ་གུང་ཁྲན་ཏང་མི་རྒན་རབས་ཚོས་མི་རིགས་བཅིངས་འགྲོལ་ཆེད་ཕུལ་བའི་མཛད་རྗེས་གལ་ཆེན་གསུངས་གནང་བ་རེད།

ཝུའུ་དབྱིང་ཅེས་སློབ་གྲྭའི་འགན་འཁུར་བ་དང་ཀུན་སྤྱོད་དགེ་རྒན་ལ་ཕྲུ་གུ་ཚོར་ཤིང་ཡག་པོ་འདེབས་པའི་སློབ་གསོ་རྒྱག་དགོས་པ་མ་ཟད། ཕྲུ་གུ་ཚོས་ཀུན་སྤྱོད་བཟང་པོ་འཛུགས་རྒྱུར་ཁྲིད་སྟོན་དང་ལོ་ཆུང་བྱིས་པའི་ཏང་གི་ལོ་རྒྱུས་སློབ་གསོར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ཕྲུ་གུ་ཚོར་རང་རེའི་ཏང་གི་གསར་བརྗེའི་དྲག་ཆས་དཔུང་ཁག་དང་པོ་ཇི་ལྟར་བཙུགས་མིན་དང་། ཀྲུང་གོ་གསར་པ་ཇི་ལྟར་དབུ་བརྙེས་མིན། ཚང་མའི་བདེ་སྐྱིད་འཚོ་བ་ཇི་ལྟར་བྱུང་མིན། ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་གང་ཡིན་མིན་བཅས་གསལ་པོ་བཤད་དེ། ཕྲུ་གུ་ཚོས་ཆུང་དུས་ནས་ཏང་གི་ལོ་རྒྱུས་ཤེས་རྟོགས་དང་ཏང་ལ་དགའ་ཞེན་བྱེད་པའི་བརྩེ་སེམས་ཟབ་ཏུ་བཏང་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་དུས་རབས་ཀྱི་མི་གསར་ཞིག་བྱེད་པའི་ཕུགས་བསམ་འཛུགས་ཐུབ་པ་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དེ་སློབ་གསོ་སློབ་ཁྲིད་ཀྱི་གཙོ་གནད་ལས་འགན་ལ་བརྩི་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། གཞོན་ནུ་ལོ་ཆུང་སློབ་མ་ཚོས་ཆུང་དུས་ནས་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ་ཕྲུ་གུ་ཚོས་མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་རྒྱུར་རོགས་རམ་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།