—— ཉིང་ཁྲི་གྲོང་ཁྱེར་གྱིས་ལས་བྱེད་པ་ནག་ཆུ་དང་མངའ་རིས་སུ་རྗེས་སྙེག་སྦྱོང་བརྡར་ལ་བཏང་བའི་ལས་དོན་སྐོར་གྱི་སྒྲིལ་གླེང་།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ཕན་ལོ་ཤས་རིང་། ཉིང་ཁྲི་གྲོང་ཨུད་ཀྱིས་གཞོན་ནུ་ལས་བྱེད་པའི་གསོ་སྐྱོང་ལ་མཐོང་ཆེན་བྱས་ཏེ། ལས་བྱེད་པ་ནག་ཆུ་དང་མངའ་རིས་སུ་རྗེས་སྙེག་སྦྱོང་བརྡར་ལ་གཏོང་བ་དེ་གཞོན་ནུ་ལས་བྱེད་པ་གསོ་སྐྱོང་བྱེད་ཐབས་ལེགས་སུ་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཏུ་བརྩིས་ཤིང་། 2019ལོ་ནས་བཟུང་སྔ་རྗེས་སུ་ཕུལ་བྱུང་གཞོན་ནུ་ལས་བྱེད་པ་82ཁག་4རུ་བགོས་ནས་ནག་ཆུ་དང་མངའ་རིས་སུ་རྗེས་སྙེག་སྦྱོང་བརྡར་ལ་བཏང་ནས་གཞོན་ནུ་ལས་བྱེད་པ་ཚོ་ས་བབ་མཐོ་བ་དང་དཀའ་ཚེགས་ཆེ་བའི་ཁུལ་དུ་རྩ་བ་ཚུགས་པ་དང་འཚར་ལོངས་ཡོང་བར་བྱས་ཡོད།
“འཇོན་ཐང་ཅན”དང“སྙིང་རུས་ཅན”འདེམས་སྒྲུག་བརྒྱབ་པ། དམག་ཧྲག་ཕྱིར་གཏོང་བྱས་པ།
2021ལོའི་ཟླ་2པར་ནག་ཆུ་དང་མངའ་རིས་སུ་རྗེས་སྙེག་སྦྱོང་བརྡར་ལ་གཏོང་བའི་ལས་དོན་ཁག་བཞི་པ་སྤེལ་འགོ་ཚུགས་པ་ནས་བཟུང་། གྲོང་ཁྱེར་དེའི་རྒྱ་ཆེའི་གཞོན་ནུ་ལས་བྱེད་པ་ཚོས་འཚང་ཁ་ཤིག་ཤིག་ངང་མིང་ཐོ་བཀོད་པས་མིང་ཐོ་འགོད་མཁན་མི་གྲངས་100ལྷག་ཙམ་ཟིན་པ་དེ་ཁག་གསུམ་པ་ལས་ལྡབ་1.5འཕར་ཡོད།
“ང་ཚོས་ལས་རིགས་དང་། ལོ་ན། མྱོང་བརྒྱུད་སོགས་ཀྱི་ཐོབ་ཐང་ཞིབ་བཤེར་ནན་པོ་བྱས་པ་དང་ཕྱོགས་བསྡུས་སྡེ་ཚན་དང་གཞི་རིམ་གྱི་འཐབ་ས་དང་པོ་ནས་དམག་ཧྲག་འདེམས་སྒྲུག་ལ་སྣང་ཆེན་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་དང་། མཐའ་མཚམས་ས་ཁུལ་འཛུགས་སྐྲུན། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་ལས་དོན་ལ་རྒྱུས་མངའ་ཡོད་པའི་ལས་བྱེད་པ་གཙོ་གནད་དུ་བཟུང་སྟེ། བསྡུར་འདེམས་དང་ལེགས་འདེམས་ཡང་སེ་བྱས་པས། ལོ་ན་གཞོན་པ་དང་། སྙིང་སྟོབས་ཆེ་བ། བསམ་བློ་སྔོན་ཐོན་བཅས་ཀྱི་ཕྱོགས་བསྡུས་བྱང་ཚད་ལེགས་པའི་ཕུལ་བྱུང་གཞོན་ནུ་ལས་བྱེད་པ་ཁག་གཅིག་བདམས་པ་ཡིན”ཞེས་གྲོང་ཨུད་རྩ་འཛུགས་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རྗེས་སྙེགས་སྦྱོང་བརྡར་ལ་ཞུགས་མཁན་ལས་བྱེད་པ་ཚང་མ“80ནང་སྐྱེས”དང“90ནང་སྐྱེས”ཤ་སྟག་ཡིན་ཞིང་། ཆ་སྙོམས་ལོ་ཚད་33.8ཡིན་པ་དང་། ལོ་ཆུང་ཤོས་26ཡིན་པ། སློབ་ཆེན་ཡན་གྱི་སློབ་རྒྱུས་ལྡན་པ། ཕལ་ཆེ་བ་ལོ་མང་གསོ་སྐྱོང་བྱས་པའི་ལས་སྒོའི་རྐང་འཛིན་པ་ཤ་སྟག་ཡིན་ལ། ད་རེས་བུད་མེད་ལས་བྱེད་པ་2རྗེས་སྙེག་སྦྱོང་བརྡར་གྱི་དཔུང་ཁག་ལ་ཞུགས་ཡོད་པ་རེད།
“ལམ་བུ”བཏིང་བ་དང“བྱེད་ཐབས”བཟོས་པ། འགན་འཁྲི་དེ་བས་ནན་དུ་བཏང་བ།
རྗེས་སྙེག་སྦྱོང་བརྡར་ལ་ཞུགས་མཁན་ལས་བྱེད་པ་གཞི་རིམ་དུ་རྩ་བ་དེ་བས་བརྟན་པོ་ཚུགས་ཆེད། ཉིང་ཁྲི་གྲོང་ཨུད་རྩ་འཛུགས་པུས“འདེམས་པ”དང“མངགས་པ”མཉམ་སྒུལ་དང་། “མཁོ་འདོན”དང“དགོས་མཁོ”སྦྲེལ་མཐུད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ལས་བྱེད་པའི་ཁྱད་ཆོས་དང་རྗེས་སྙེག་ཚན་པའི་དོན་དངོས་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བརྡར་གཅོད་དང་། སྡེ་ཚན་གྱི་ལེགས་ཆ་དང་། ལས་བྱེད་པའི་བྱང་ཆ། ལས་གནས་ཀྱི་དགོས་མཁོ་བཅས་ཕན་ཚུན་ཟུང་འབྲེལ། ལས་གནས་གནད་སྨིན་བཀོད་སྒྲིག རྗེས་སྙེག་ལས་བྱེད་པ་ཚང་མར་ལས་བགོས་ཁ་གསལ་ལམ་ཡང་ན་འགན་ཞིབ་ཕྲ་འཁུར་བའི་ལས་དོན་ཡོད་པར་བྱེད་པ། ཆ་སྒྲིག་གནད་སྨིན་དང་མི་དང་ལས་གནས་འཚམ་པོ་ཡོང་བ་བཅས་བྱས་ནས་ལས་བྱེད་པ་ཚང་མས་རང་ཉིད་ཀྱི་ནུས་པ་འདོན་སྤེལ་ཐུབ་པའི་འགན་ལེན་བྱས་ཡོད།
“ང་ཚོས་འདེམས་གཏོང་བྱས་པའི་ལས་བྱེད་པ་རྗེས་སྙེག་བྱ་ཡུལ་གྱི་གྲོང་གསེབ་དར་རྒྱས་ཀྱི་གཡུལ་ས་གཙོ་བོ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་དང་པོ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཐབ་ས་དང་པོ་བཅས་སུ་གཏོང་རྒྱུར་སྣང་ཆེན་བྱས་ཤིང་། རྗེས་སྙེག་སྦྱོང་བརྡར་ལ་ཞུགས་མཁན་ལས་བྱེད་པ་ཁག་བཞི་པའི་འབྲེལ་གཏུག་བ་2གྲོང(ས་ཁུལ)ཨུད་རྩ་འཛུགས་པུའུ་རུ་བཞག་པ་ཕུད། དེ་བྱིངས་ཀྱི་རྗེས་སྙེག་སྦྱོང་བརྡར་ལ་ཞུགས་མཁན་ལས་བྱེད་པ་ཚང་མ་ནག་ཆུ་དང་མངའ་རིས་ཀྱི་ས་བབ་མཐོ་ཤོས་དང་ཆ་རྐྱེན་སྐྱོ་ཤོས་ཀྱི་རྫོང་དུ་བཀོད་སྒྲིག་བྱས་ཏེ། ཁོང་ཚོར་དཀའ་ངལ་ཁྲོད་ནས་ཉམས་མྱོང་མང་ཙམ་ཐོབ་པ་དང་ལྗིད་རྫོབ་ཆེ་བའི་ལས་འགན་མང་ཙམ་སྒྲུབ་ཏུ་བཅུག་ནས་དཀའ་ཚེགས་ཆེ་བའི་ཁོར་ཡུག་ཁྲོད་ནས་ཉམས་མྱོང་གསོག་པ་དང་། མཐོང་རྒྱ་ཆེ་རུ་འགྲོ་བ། འཇོན་ཐང་འཕེལ་བ་བཅས་ཐུབ་པར་བྱས་ཡོད”
དོ་དམ་ནན་པོ་དང་སེམས་ཁུར་ཟབ་མོ་བྱས་པ། འདེམས་གཏོང་ལས་བྱེད་པ་བློ་བདེ་པོ་དང་དྲོ་སྐྱིད་ཚོར་བར་བྱས་པ།
རྗེས་སྙེག་སྦྱོང་བརྡར་ལས་དོན་ལ་ཕན་འབྲས་དངོས་ཐོན་པ་དང་དཔྱད་གདེང་ལ་གཞི་འཛིན་ས་ཡོང་བར་བྱེད་ཆེད། ཉིང་ཁྲི་གྲོང་ཨུད་ཀྱིས་ལས་བྱེད་པ་གང་དུ་བཏང་ཚེ་དེ་གར་དོ་དམ་ནན་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། བསྡུ་ཉར་ཚན་པའི་རྒྱུན་གཏན་དོ་དམ་གཙོ་བོར་བྱེད་པ་དང་རྩ་འཛུགས་པུའུ་དང་མངགས་གཏོང་ཚན་པའི་ཏང་ཨུད(ཏང་ཙུའུ)ཀྱིས་མཐུན་སྦྱོར་དོ་དམ་བྱེད་པའི“གསུམ་གཅིག་སྒྲིལ”གྱི་དོ་དམ་བྱེད་ཐབས་ལག་བསྟར་དང་། རྗེས་སྙེག་སྦྱོང་བརྡར་ལ་ཞུགས་མཁན་ལས་བྱེད་པས་གནས་སྐབས་ཏང་ཀྲི་པུའུ་འཛུགས་རྒྱུར་ལྟ་སྐུལ། དུས་བཀག་ལྟར་སློབ་སྦྱོང་སྒྲིག་འཛུགས། ཟླ་བ་རེར་ལས་དོན་སྤེལ་ཚུལ་སྙན་སེང་ཐེངས་རེ་ཞུ་བ། དུས་བཀག་ལྟར་ཞིབ་བཤེར་དབྱེ་ཞིབ་བཅས་བྱས་པ་མ་ཟད། དུས་དཀྱིལ་དང་དུས་མཇུག་ཏུ་དཔྱད་ཞིབ་ཚོགས་ཆུང་མངགས་ནས་ལས་བྱེད་པའི་ལས་དོན་བསྒྲུབས་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་དང་ཕྱོགས་བསྡུས་གདེང་འཇོག་བྱས་ཡོད།
དོ་དམ་ནན་པོ་བྱས་པ་དང་ཆབས་ཅིག་ཉིང་ཁྲི་གྲོང་ཨུད་ཀྱིས་རྗེས་སྙེག་སྦྱོང་བརྡར་ལ་ཞུགས་མཁན་ལས་བྱེད་པར་སེམས་ཁུར་དང་བྱམས་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཞིང་། ཉིང་ཁྲི་གྲོང་ཨུད་ཀྱིས་ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱས་ནས་རྗེས་སྙེག་སྦྱོར་བརྡར་ལས་དོན་ལ་རྒྱབ་སྐྱོར་བྱས་པ་དང་། འདེམས་གཏོང་དཔུང་ཁག་མ་ཐོན་གོང་དུ་འདེམས་གཏོང་ལས་བྱེད་པར་ས་མཐོའི་ནད་ཕོག་མིན་སོགས་ཆེད་མངགས་གཟུགས་པོ་བརྟག་དཔྱད་བྱས་པ་མ་ཟད། ལས་བྱེད་པ་ཚང་མར་གྲང་འགོག་གྱོན་གོས་དང་མི་ལུས་ཀྱི་འགན་བཅོལ་ཉོས་པ་རེད། ནག་ཆུ་གྲོང་ཨུད་རྩ་འཛུགས་པུའུ་དང་མངའ་རིས་ས་ཨུད་རྩ་འཛུགས་པུའུ་ཡིས་ཟླ་རེར་རྗེས་སྙེག་སྦྱོང་བརྡར་ལ་ཞུགས་མཁན་ལས་བྱེད་པར་གཟུགས་པོ་བརྟག་དཔྱད་ཐེངས་རེ་བྱས་པ་མ་ཟད། ད་དུང་རང་འགུལ་ངང་གཞུང་ལས་དང་ཞག་སྡོད་སོགས་ཀྱི་གནད་དོན་མཐུན་སྦྱོར་ཐག་གཅོད་བྱེད་རོགས་བྱས་པ་དང་ཁ་ལག་གི་ཁ་གསབ་རོགས་དངུལ་སོགས་ཐོབ་ཆ་སྤྲད་ནས་ལས་བྱེད་པར་སེམས་ཁྲལ་སེལ་རོགས་བྱས་པ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ལས་བྱེད་པ་བཞུན་བརྡར་ཁྲོད་དུ་འཚར་ལོངས་ཡོང་བར་བྱས་པ།