བོད་ལྗོངས་ཀྱི་ས་གནས་ཁག་གིས་བྱེད་ཐབས་སྣ་མང་སྤྱད་དེ་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ62འཁོར་བར་དྲན་གསོ་ཞུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར་བོད་ལྗོངས་ཀྱི་ས་གནས་ཁག་གི་མང་ཚོགས་ཀྱིས་བྱེད་སྒོ་རྣམ་པ་སྣ་ཚོགས་གཉེར་ནས། བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ62འཁོར་བར་དྲན་གསོ་ཞུས་ཏེ་ལས་སླ་པོར་བྱུང་བ་མ་ཡིན་པའི་བདེ་སྐྱིད་ལྡན་པའི་འཚོ་བར་བསྟོད་གླུ་ཕུལ་ཡོད།

བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་ཧི་མ་ལ་ཡའི་འདབས་སུ་གནས་པའི་ལྷུན་རྩེ་རྫོང་རྩ་རི་ཤང་ལ་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། མཐའ་མཚམས་མངགས་གཏོང་ཁང་གི་གནས་སྤོས་མི་སེར་དོ་དམ་ཉེན་རྟོག་པས་ལུས་ལ་གཟབ་མཆོར་སྤྲས་པའི་མཐའ་མཚམས་མང་ཚོགས་དང་མཉམ་དུ་གླུ་ལེན་གར་འཁྲབ་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་དུས་རབས་གསར་པར་བརྩེ་བ་ཆེན་པོས་བསྟོད་གླུ་བླངས་ནས། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ62སོང་རིང་མཐའ་མཚམས་ས་ཁུལ་ལ་བྱུང་བའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ལོ་རྒྱུས་ཀྱི་འཕོ་འགྱུར་དང་མེས་རྒྱལ་མཐའ་མཚམས་ཀྱི་མི་དམངས་ཉེན་རྟོག་པ་དང་མང་ཚོགས་ཁྲི་སྟོང་དུ་མས་འབྱུང་འགྱུར་གྱི་བདེ་སྐྱིད་འཚོ་བར་བཅངས་པའི་འདུན་པ་བཟང་པོ་ལེགས་པར་མཚོན་པར་བྱས་ཡོད།

ཟླ3པའི་ཚེས28ཉིན་གྱི་སྔ་དྲོར་མངའ་རིས་ས་ཁུལ་གྱིས་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་62འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་ཤིང་། ཞང་ཞུང་རིག་གནས་ཐང་ཆེན་དུ“རྒྱལ་དར་སྒྲེང་བ་དང་། རྒྱལ་གླུ་ལེན་པའི”མཛད་སྒོ་འཚོགས་པ་རེད། “ལོ62གོང་གི་བོད་དུ་ཕྲུ་གུ་ཚོར་སློབ་གྲྭ་འགྲིམ་པའི་དབང་ཆ་མེད་པའི་ཁར་བཤུ་གཞོག་དང་གཉའ་གནོན་ཚད་མེད་མྱོང་དགོས་ཀྱི་ཡོད། ད་ཆ་ཏང་གི་སྲིད་ཇུས་བཟང་པོའི་ཐུགས་ཁུར་ལ་བརྟེན་ནས་ཡངས་ཤིང་དཀར་ཆ་དོད་པའི་སློབ་ཁང་དང་སློབ་གསོའི་ཁོར་ཡུག་བཟང་པོ་འདི་འདྲ་བྱུང་བས། ཁྱེད་ཚོས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་བྱས་ནས་མེས་རྒྱལ་ལ་དྲིན་ལན་འཇལ་དགོས་ཞེས་རྒན་ལགས་ཀྱིས་སློབ་ཚན་ཁྲིད་སྐབས་ང་ཚོར་རྟག་ཏུ་སློབ་གསོ་སྐྱོན་གྱི་འདུག”ཅེས་སྒར་རྫོང་སློབ་འབྲིང་གི་དམའ་རིམ་ལོ་རིམ་གཉིས་པའི་སློབ་མ་རྒྱ་མཚོས་བཤད།

ཚེས28ཉིན་མངའ་རིས་ས་ཨུད་དྲིལ་བསྒྲགས་པུའུ་དང་། འཐབ་ཕྱོགས་གཅིག་གྱུར་པུའུ། ས་ཁུལ་དྲ་འཕྲིན་གཞུང་དོན་ཁང་། ཞང་ཞུང་སྒྱུ་རྩལ་ཚོགས་པ་སོགས་ཚན་པ20སྒར་རྫོང་མོན་འཚེར་ཤང་མོན་འཚེར་གྲོང་ཚོར་བསྐྱོད་དེ་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་ནས་ས་གནས་ཀྱི་མང་ཚོགས་ལ་དུས་ཆེན་གྱི་ལག་རྟགས་སྤྲད་པ་དང་སྦྲགས། ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་ཡང་བྱས་པ་རེད།

“ཟླ3པའི་ཚེས28ཉིན་ནི་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་རེད། བོད་ལྗོངས་ཞི་བས་བཅིངས་འགྲོལ་མ་བཏང་གོང་མི་སེར་གྱི་འཚོ་བ་ཧ་ཅང་སྐྱོ་པོ་ཡོད། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་རྗེས་མི་རྣམས་ལ་རང་དབང་དང་བདེ་སྐྱིད་ཀྱི་འཚོ་བ་ཐོབ་ནས་ཟས་གོས་ལ་སེམས་ཁྲལ་མེད་ལ་ན་དུས་ཀྱང་རྒྱལ་ཁབ་ཀྱི་རོགས་རམ་ཡོད། དེ་དག་ཚང་མ་གུང་ཁྲན་ཏང་གི་བཀའ་དྲིན་ཡིན་པས་ང་ཚོས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་ཀྱི་ཡིན། ངས་ང་ཚོ་མོན་འཚེར་གྲོང་ཚོའི་ཡུལ་མི་རྣམས་ཀྱི་ཚབ་བྱས་ནས་ཏང་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་མོན་འཚེར་གྲོང་ཚོའི་ཡུལ་མི་རྣམ་རྒྱལ་ཕུན་ཚོགས་ཀྱིས་བཤད།

ཟླ3པའི་ཚེས28ཉིན་སྣང་རྫོང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་ཏེ་རྫོང་ཨུད་ཐོག་ཁང་གི་ཐང་ཆེན་དུ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ62འཁོར་བར་དྲན་གསོ་ཞུ་བའི“རྒྱལ་དར་སྒྲེང་བ་དང་། རྒྱལ་གླུ་ལེན་པའི”བྱེད་སྒོ་སྤེལ་བ་དང་། སྣང་རྫོང་གི་ཉང་ཆུའི་སྤྱི་གླིང་དུ“‘3·28’ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་རྟེན་འབྲེལ་ཞུ་བའི་བོད་གསར་རྙིང་བསྡུར་བའི་གཅིག་སྡུད་དཔེ་སྟོན་སློབ་གསོའི་བྱེད་སྒོའི”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་ཡོལ་རས་ཧ་ཅང་མངོན་གསལ་དོད་པོ་ཡོད་པས། ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཡིད་དབང་འཕྲོག་ནས། དེའི་མདུན་དུ་ཕན་ཚུན་བགྲོ་གླེང་ངམ་ཡང་ན་ལག་ཐོགས་ཁ་པར་བཏོན་ཏེ་པར་ལེན་བྱེད་པའམ་ཡང་ན་བློ་རྩེ་གཅིག་སྒྲིམ་ངང་ལྟ་བ་སོགས་བྱས་ཏེ་སྔོན་མའི་དཀའ་སྡུག་གི་ལོ་ཟླར་དྲན་གསོ་དང་། དེང་གི་བདེ་སྐྱིད་འཚོ་བར་དགའ་འབོད་བྱས་ཡོད། དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་བརྒྱུད། བོད་ལྗོངས་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་བར་ངོས་འཛིན་གཏིང་ཟབ་བྱུང་བ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པའི་ཡིད་ཆེས་དང་ཆོད་སེམས་ཀྱང་སྔར་བས་བརྟན་དུ་སོང་ཡོད།

ཉེ་ཆར་ལྷོ་རོང་རྫོང་རྫི་ཐོ་གྲོང་རྡལ་རྒྱབ་རི་གྲོང་ཚོས“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བ་དང་། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བ། དེ་བཞིན་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ62འཁོར་བ་བཅས་ལ་རྟེན་འབྲེལ་ཞུ་བའི”མཉམ་སྡེབ་དཔལ་འབྱོར་གྱི་བགོ་འགྲེམ་རྒྱག་པའི་མཛད་སྒོ་འཚོགས་ཤིང་། རྒྱབ་རི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་དུད་ཚང268ཀྱི་ཞིང་འབྲོག་མང་ཚོགས1171ལ་མཉམ་སྡེབ་དཔལ་འབྱོར་གྱི་བགོ་འགྲེམ་སྒོར་ཁྲི117བརྒྱབ་པ་དང་མི་རེར་ཆ་སྙོམས་སྒོར1000ཟིན་གྱི་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།