དཔའ་བོའི་དྲང་ནུས་བསྐལ་བརྒྱའི་བར་དུ་གནས། ཞུམ་མེད་སྙིང་སྟོབས་བསྟོད་པའི་ཡུལ་དུ་གྱུར།

—— ནག་ཆུའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་བཅར་འདྲིར་བསྐྱོད་པའི་སྐོར་བཀོད་པ།

6fa206dd-68cd-45e9-a2aa-f1621a007e17.jpg

འདི་ནི་ནག་ཆུའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་གྱི་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ནག་ཆུར་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཟིན་པ་དང་། མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པ། གནམ་གཤིས་སྐམ་ཤས་ཆེ་བ་བཅས་ཡོད་པས“དཀའ་ཚེགས་ཆེ་བའི་ཁུལ”ཞེས་འབོད་ཀྱི་ཡོད།

ད་ཆ་ནག་ཆུའི་མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་ལ་གང་སར་དགའ་སྤྲོའི་དཔལ་ལ་རོལ་བཞིན་ཡོད། འོན་ཀྱང་། མི་རྣམས་ཀྱིས་སྔོན་མ་ནག་ཆུའི་གསར་བརྗེའི་བྱ་གཞག་དང་བོད་ཀྱི་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་ཆེད་དུ་རྩ་ཆེའི་ཚེ་སྲོག་ལེགས་སྐྱེས་འབུལ་མཁན་སྔོན་བྱོན་པ་དང་སྔོན་གཤེགས་དཔའ་བོ། དེ་བཞིན་ཁོང་ཚོས་བྱང་ཐང་གི་ས་གཞི་ཆེ་མོར་བཞག་པའི“གསར་བརྗེའི་བྱས་རྗེས”བཅས་མ་བརྗེད་པར་ཁོང་ཚོའི་གཏམ་རྒྱུད་འདི་གར་མི་རབས་ནས་མི་རབས་བར་བརྗོད་བཞིན་ཡོད།

གསར་བརྗེའི་གཏམ་རྒྱུད་དེ་འཚོལ་ཆེད་གསར་འགོད་པ་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སུ་གནས་པའི་ནག་ཆུའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་བསྐྱོད་པ་ཡིན། ནག་ཆུའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དེ་1963ལོར་བསྐྲུན་པ་དང་། དེར་ནག་ཆུར་བཅིངས་འགྲོལ་དང་ངོ་ལོག་ཞོད་འཇགས་གཏོང་ཆེད་རྩ་ཆེའི་ཚེ་སྲོག་སྐྱེས་སུ་འབུལ་མཁན་དཔའ་བོ་710ཡི་སྐུ་ཕུང་སྦས་ཡོད་པ་དང་དེའི་ནང་མིང་མེད་དཔའ་བོ་81ཡོད།

བང་སོའི་སྐྱེད་ཚལ་དེ་བྱང་ནས་ལྷོར་ཆགས་པ་དང་ས་ཁྱོན་སྨི་ངོས་གྲུ་14217ཟིན་གྱི་ཡོད། བང་སོའི་སྐྱེད་ཚལ་གྱི་རྒྱལ་སྒོ་རྔམ་བརྗིད་ལྡན་པ་དང་། རྒྱལ་སྒོའི་སྒོ་བྱང་ངོས་སུ“ནག་ཆུའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ”ཞེས་པའི་གསེར་མདོག་གི་རྒྱ་ཡིག་ཡི་གེ་ཆེན་པོ་དྲུག་བརྐོས་ཡོད་པ་དང་། རྒྱལ་སྒོའི་གཞོགས་གཉིས་སུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས“གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ”“གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་བྱེད”ཅེས་པ་བརྐོས་ཡོད། དེའི་ཕྱོགས་བཞིར་རྡོ་དཀར་པོས་བརྩིགས་པའི་གྱང་གིས་བསྐོར་ཡོད། རྒྱལ་སྒོ་ནས་བང་སོའི་སྐྱེད་ཚལ་དུ་འཛུལ་མ་ཐག་འདྲེན་ལམ་དུ་མངོན་པ་ནི་བང་སོའི་སྐྱེད་ཚལ་གྱི་དཀྱིལ་དུ་བཙུགས་པའི་དྲན་གསོའི་རྡོ་རིང་ཆེན་པོ་དེ་ཡིན། རྡོ་རིང་དེའི་མདུན་ངོས་སུ“གསར་བརྗེའི་དཔའ་བོ་ནམ་ཡང་མི་ནུབ་པར་གྱུར་ཅིག”ཅེས་པའི་གསེར་མདོག་གི་རྒྱ་ཡིག་ཡི་གེ་ཆེན་པོ་བརྒྱད་བརྐོས་ཡོད། མདུན་ངོས་སུ་དམར་མདངས་བཀྲ་བའི་ཟུར་ལྔའི་སྐར་མ་མངོན་གསལ་དོད་པ་དང་། རྡོ་རིང་གི་ཞབས་རའི་ངོས་བཞིར་མེ་ཏོག་གི་རི་མོ་ཞིབ་ཚགས་བརྐོས་པའི་སྐྱོར་ར་ཡོད། རྡོ་རིང་གི་རྒྱབ་ངོས་སུ་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོའི་མིང་བཀོད་ཡོད།

བང་སོའི་སྐྱེད་ཚལ་གྱི་འགན་འཁུར་བ་དབང་མོའི་ལམ་སྟོན་འོག གསར་འགོད་པ་བང་སོའི་སྐྱེད་ཚལ་གྱི་ནུབ་ངོས་སུ་གནས་པའི་བཤམས་སྟོན་ཁང་དུ་བསྐྱོད་པ་ཡིན། དེའི་ནང་ཞི་བས་བཅིངས་འགྲོལ་དང་། ངོ་ལོག་ཞོད་འཇགས་དང་སྒྱུར་བཅོས། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་བཅས་ཀྱི་ལོ་རྒྱུས་ཀྱི་དུས་མཚམས་བཞི་བརྒྱུད་མི་རྣམས་ལ་གསར་བརྗེའི་སྔོན་གཤེགས་དཔའ་བོས་ནག་ཆུ་ཞི་བས་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། འཕེལ་རྒྱས་དང་འཛུགས་སྐྲུན་བཅས་ཀྱི་ཆེད་དུ་འབད་བརྩོན་གནང་ལུགས་མངོན་པར་བྱས་ཡོད།

འགྲེམས་རྫས་ཁྲོད་ཀྱི་པར་གསུམ་གྱིས་མི་རྣམས་ལ་བག་ཆགས་ཟབ་མོ་ཞིག་བཞག་ཅིང་། དེ་ནི་བོད་སྐྱོད་བཅིངས་འགྲོལ་དམག་གིས་མཚོ་བོད་དང་ཁྲོན་བོད་གཞུང་ལམ་བསྐྲུན་ཆེད་རི་འབིགས་རྡོ་གཤགས་དང་། བོད་རིགས་སྤུན་ཟླར་ནད་ལྟ་བ། ལམ་བཟོའི་དཔུང་སྡེས་ཕྱིར་ཟ་མ་བཟའ་བ་དང་ཞག་སྡོད་བྱེད་པ་བཅས་ཀྱི་གནས་ཚུལ་འཁོད་ཡོད། 1954ལོའི་ཟླ་5ཚེས་11ཉིན་ཏང་ཀྲུང་དབྱང་གི“ཕྱོགས་གཅིག་ནས་དཔུང་འཇུག་དང་ཕྱོགས་གཅིག་ནས་འཛུགས་སྐྲུན་བྱེད་དགོས་པའི”མཛད་ཕྱོགས་གཞིར་བཟུང་། མུའུ་ཧྲེང་ཀྲུང་དང་རེན་ཆི་མིང་གིས་དམག་དམངས་ཀྱི་སྣེ་ཁྲིད་དེ་མཚོ་བོད་གཞུང་ལམ་སྐྲུན་རིང་། ཁོང་ཚོས་གངས་འཁྱག་དང་གྲང་ངར་ལ་མ་འཛེམས་པར་དཀའ་ཉེན་སྣ་ཚོགས་ཁྱད་བསད་དང་བསམ་ཡུལ་ལས་འདས་པའི་དཀའ་ངལ་མང་པོ་ལས་རྣམ་པར་རྒྱལ་ཏེ་ཟླ་11ཚེས་11ཉིན་གཞུང་ལམ་ནག་ཆུ་བར་གཞི་ནས་བསྐྲུན་ཐུབ་ཡོད། ལོ་དེའི་ཟླ་12ཚེས་25ཉིན་མཚོ་བོད་དང་ཁྲོན་བོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་པ་དེས་དུས་དེ་ནས་བཟུང་བོད་ལ་དེང་རབས་ཅན་གྱི་གཞུང་ལམ་འགྲིམ་འགྲུལ་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཏེ་མེས་རྒྱལ་གྱི་ནང་ས་དང་བོད་དབར་འབྲེལ་མཐུད་བྱེད་པའི་འགྲིམ་འགྲུལ་སྲོག་རྩ་ཆེ་མོ་ཞིག་ཤར་གཏོང་ཐུབ་པ་མཚོན་ཡོད། དེ་འདྲའི་བྱ་གཞག་རླབས་པོ་ཆེ་མངོན་འགྱུར་བྱ་ཆེད་མཚོ་བོད་གཞུང་ལམ་སྐྲུན་མཁན་དཔའ་བོ་680ཡིས་རང་སྲོག་བློས་བཏང་ཡོད།

བཤམས་སྟོན་ཁང་དུ་སྒྲིག་གཤོམ་བྱས་པའི་འགྲེམས་རྫས་རེ་རེ་ནི་ལོ་རྒྱུས་ཀྱི་སློབ་དེབ་མཐུག་པོ་ཞིག་དང་འདྲ་ཞིང་། དེའི་ནང་བོད་དར་རྒྱས་བརྟན་ལྷིང་ཡོང་ཆེད་ཡོད་ཚད་ལེགས་སྐྱེས་ཕུལ་ནས་འཆི་ཡང་གནོང་འགྱོད་མེད་པའི་སྔོན་གཤེགས་དཔའ་བོ་སྟེ། རྩྭ་ཐང་གི་དཔའ་བོ་སྤུས་དག་དང་། རྫོང་ཨུད་ཀྱི་ཕུལ་བྱུང་ཧྲུའུ་ཅི་ལྷུན་དཔལ། ནགས་སྲུང་གི་སྤྱི་བདེའི་ཉེན་རྟོག་པ་ནོར་བུ་གཡུ་རྒྱལ་སོགས་ཡོད། ཁོང་ཚོ་ནི་མེས་རྒྱལ་དང་མི་དམངས་ལ་ལྷག་བསམ་རྣམ་དག་ཞུ་མཁན་འཐབ་འཛིང་པ་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་བུ་ཕྲུག་ཀྱང་ཡིན་པས་གངས་ལྗོངས་ས་མཐོས་ཁོང་ཚོ་བརྗེད་མི་སྲིད་ལ་ནག་ཆུའི་མི་དམངས་ཀྱིས་ཀྱང་དེ་བས་བརྗེད་མི་སྲིད།

བཤམས་སྟོན་ཁང་ནས་ཕྱིར་དོན་རྗེས་བང་སོའི་སྐྱེད་ཚལ་གྱི་ཤར་ངོས་སུ་སླེབས་པ་དང་། དེར་བོད་ཞི་བས་བཅིངས་འགྲོལ་ཆེད་དང་དམངས་གཙོའི་བཅོས་སྒྱུར་ནང་རང་སྲོག་བློས་གཏོང་མཁན་སྔོན་གཤེགས་དཔའ་བོ་710ཡི་སྐུ་ཕུང་སྦས་ཡོད། བང་སོའི་རྡོ་རིང་ཁག་གཅིག་གི་ཐོག་ཏུ“མིང་མེད་དཔའ་བོའི་བང་སོ”ཞེས་པའི་ཡི་གེ་དམར་པོ་བརྐོས་ཡོད། ཁོང་ཚོའི་མིང་དེར་བཞག་ཐུབ་མེད་རུང་གསར་བརྗེའི་སྙིང་སྟོབས་ཀྱི་ས་བོན་ས་གཞི་གཤིན་པོ་དེའི་སྟེང་བཏབ་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།