བོད་ལྗོངས་ཀྱིས་དམིགས་བསལ་སྒྲིག་ཆས་ལ་བདེ་འཇགས་ཞིབ་བཤེར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས་བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་དང་དེ་བཞིན་ཁོངས་གཏོགས་ཁུལ་གྱི“རིམ་གསུམ”ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་དམིགས་བསལ་སྒྲིག་ཆས་ལ་བདེ་འཇགས་ཞིབ་བཤེར་བྱེད་པའི་ལས་དོན་མཉམ་དུ་སྤེལ་ནས་བྱེད་ཐབས་སྣ་མང་སྤྱད་དེ་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་ལྟ་ཞིབ་ལ་ཤུགས་སྣོན་བརྒྱབ་པ་རེད།

ཟླ་གསུམ་པ་ཚུན་དུ་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ལྗིད་འདེགས་འཕྲུལ་ཆས་དང་། གནོན་ཐེག་སྣོད་ཆས། སོལ་རླངས་མདོང་ལམ་སོགས་དམིགས་བསལ་སྒྲིག་ཆས་བེད་སྤྱོད་ཚན་པའི་བདེ་འཇགས་དོ་དམ་དང་དེ་བཞིན་བེད་སྤྱོད་གནས་ཚུལ་ལ་ཞིབ་བཤེར་བྱས་པ་རེད། ཁྲིམས་འཛིན་མི་སྣས་ས་གནས་ས་ཐོག་ཏུ་བེད་སྤྱོད་ཐོ་འགོད་ལག་ཁྱེར་དང་། བརྟག་བཤེར་སྙན་ཞུ། ལས་སྒྲུབ་མི་སྣའི་ལག་ཁྱེར། འཕྲལ་སྡོམ་རོགས་སྐྱོར་གྱི་སྔོན་ཇུས། བདེ་འཇགས་དོ་དམ་ལམ་ལུགས་དོན་འཁྱོལ་སོགས་གནས་ཚུལ་སྐོར་ལ་ལྟ་ཞིབ་བྱས་ནས་བེད་སྤྱོད་ཚན་པ་ཁག་གིས་དམིགས་བསལ་སྒྲིག་ཆས་ཀྱི་རྒྱུན་གཏན་ཞིབ་བཤེར་དང་འཁོར་རྒྱུག་ཟིན་ཐོ་དང་དེ་བཞིན་དུས་བཀག་བརྟག་བཤེར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་བླང་བྱ་བཏོན་པ་དང་། ཞིབ་བཤེར་བྱེད་སྐབས་ཁེ་ལས་ཀྱི་བདེ་འཇགས་དོ་དམ་མི་སྣར་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་དམིགས་བསལ་སྒྲིག་ཆས་བཀོལ་སྤྱོད་མི་སྣའི་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་དགོས་པའི་བླང་བྱའང་བཏོན་པ་རེད།

ཟླ་3ཚེས་15ཉིན་བར། ལྗོངས་ཡོངས་ཀྱི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་དམིགས་བསལ་སྒྲིག་ཆས་བེད་སྤྱོད་ཚན་པ་ཁྱོན་177དང་རིགས་ཁག་གི་དམིགས་བསལ་སྒྲིག་ཆས་452ལ་གྲལ་བཤེར་བྱས་པ་དང་། མངོན་མེད་རྐྱེན་ངན་ཁག་19ཤེས་རྟོགས་ཐུབ་པ། ས་གནས་ས་ཐོག་ཏུ་གནད་དོན་ཁག་16དག་ཐེར་བྱས་པ། དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་ལྟ་ཞིབ་ཀྱི་བཀའ་རྒྱ་3གཤམ་སྤྲོད་བྱས་པ་རེད། གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་དམིགས་བསལ་སྒྲིག་ཆས་ལ་ཆེད་དོན་ཞིབ་བཤེར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་བེད་སྤྱོད་ཚན་པའི་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཕྱོགས་ཡོངས་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།