ནག་ཆུ་གྲོང་ཁྱེར་གྱིས“3·15”དྲིལ་སྒྲོག་བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འཛད་སྤྱོད་པའི་རྫུན་འགོག་ནུས་པ་དང་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཇེ་མཐོར་གཏོང་བ་དང་། ཚོང་རའི་རྒྱུན་གཏན་གཉེར་སྐྱོང་གི་སྒྲིག་ལམ་སྲུང་སྐྱོང་བྱེད་པ། ཚོང་རའི་གསོན་ཤུགས་འཕེལ་བ་བཅས་བྱ་ཆེད། ཉེ་ཆར། བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས“བདེ་འཇགས་སྲུང་སྐྱོང་དང་ཐོགས་མེད་འཛད་སྤྱོད”བརྗོད་གཞིར་བྱས་པའི་རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་། ལས་དོན་མི་སྣ་སློབ་གྲྭ་དང་། ཚོང་ར། སྒོ་རྩིས་ཚོང་ཁང་། དངུལ་ཁང་། སྡེ་ཁུལ་སོགས་སུ་བསྐྱོད་ནས་བློ་འདྲིའི་སྟེགས་བུ་འཛུགས་པ་དང་། དྲིལ་བསྒྲགས་འགྲེམས་པང་འཇོག་པ། འཛད་སྤྱོད་ཁེ་དབང་སྲུང་སྐྱོང་གི་དྲིལ་བསྒྲགས་དཔྱད་གཞི་འགྲེམ་གཏོང་སོགས་ཀྱི་བྱ་ཐབས་བརྒྱུད་དེ《འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》དང《འཛད་སྤྱོད་པའི་ཁེ་དབང་ལ་གནོད་སྐྱོན་གཏོང་བའི་ཆད་གཅོད་བྱ་ཐབས》སོགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་འགྲེལ་བཤད་བྱས་ཏེ། རྫུན་ལྷད་ཞན་གསུམ་གྱི་ཐོན་རྫས་དང་ཚད་ལྡན་ཐོན་རྫས་དབར་གྱི་ཁྱད་པར་དང་བཟོ་སྟངས། རྫུན་ལྷད་ཞན་གསུམ་གྱི་ཐོན་རྫས་ཕྱིར་འཚོང་བྱེད་པའི་བྱ་སྤྱོད་ཀྱི་ཚབས་ཆེན་རང་བཞིན་བཅས་གཙོ་གནད་ཐོག་དྲིལ་བསྒྲགས་བྱས་པ་རེད།

བསྡོམས་རྩིས་བྱས་པར་གཞིགས་ན། ཐེངས་འདིའི་བྱེད་སྒོའི་སྟེང་བསྡོམས་པས་དྲིལ་བསྒྲགས་དཔྱད་ཡིག་ཁྲི1ལྷག་ཙམ་འགྲེམ་གཏོང་བྱས་པ་དང་མང་ཚོགས་ཀྱི་བློ་འདྲི་ཐེངས200ལྷག་ཙམ་དང་ལེན་བྱས་པ་རེད། ཚོང་རའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི་ཁྲིམས་འགལ་བྱ་སྤྱོད་ནུས་ལྡན་ངང་གཏན་འགོག་བྱ་ཆེད། དྲིལ་བསྒྲགས་བྱེད་སྒོ་མཇུག་སྒྲིལ་རྗེས་ནག་ཆུ་གྲོང་ཁྱེར་ཚོང་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཉེ་སྔོན་ཆད་གཅོད་དང་གཞུང་བཞེས་བྱས་པའི་ཁྲིམས་འགལ་ཚོང་རྫས་གཅིག་སྡུད་ཐོག་མེད་པར་བཟོས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།