སྤྱི་འདོམས་མཉམ་འགུལ་ཁྲོད་རྩ་ལག་མཉམ་བཅོས་བྱེད་ཟབ་ཏུ་བཏང་བ།

—— བོད་རང་སྐྱོང་ལྗོངས་ཀྱིས2020ལོར“མི་བྱེད་པ་གསུམ”གྱི་ལས་དོན་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

2020ལོ་ཚུན་དུ། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་དང་། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན། རང་སྐྱོང་ལྗོངས་ཏང་ཨུད་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐའ་གཅིག་ཏུ་བསྟར་ནས། “བྱེད་མི་ཕོད་པ་དང་། བྱེད་མི་ཐུབ་པ། བྱེད་མི་འདོད་པ”བཅས་ཀྱི་ནང་གནས་ནང་དོན་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། “བྱེད་མི་ཕོད་པའི”དམ་བསྒྲགས་ཟིལ་གནོན་རྒྱུན་མཐུད་ཆེ་རུ་གཏོང་བ། “བྱེད་མི་ཐུབ་པའི”ལམ་ལུགས་ཀྱི་རླུང་ཙེ་དམ་དུ་གཏོང་བ། “བྱེད་མི་འདོད་པའི”བསམ་བློའི་འགོག་རགས་བརྟན་དུ་གཏོང་བའི་ཐད་ཕྱོགས་གཅིག་ཏུ་ཤུགས་རྒྱག་པ་དང་དུས་གཅིག་ཏུ་ནུས་ཤུགས་འདོན་པ། ཏང་ལ་དོ་དམ་དང་ཏང་སྐྱོང་རྒྱུ་རྩ་ལག་མཉམ་བཅོས་ཕྱོགས་སུ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། དུས་རབས་གསར་པའི་བོད་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།

རུལ་སུངས་ལ་ཆད་པ་གཅོད་པའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ནས། “རུལ་སུངས་བྱེད་མི་ཕོད་པའི”ཟིལ་གནོན་ཆེ་རུ་བཏང་བ།

ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས“ནན་པོའི”དགོངས་གཞི་གཙོ་བོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་མཉམ་འདྲེས་ཀྱི་གྱོད་གཞིར་དམ་པོར་དམིགས་པ་དང་སྦྲགས། ཏང་ཡོན་ཁ་ཤས་ཀྱིས་ཆོས་ལ་དད་པ་བྱེད་པའི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ་རེད། རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་རྡིབ་ཉིལ་ལྟ་བུའི་རུལ་སུངས་བློ་ཐག་ཆོད་པོས་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་ནས། ཡུམ་སྐྱབས་དང་། ཀྲའོ་ཧྲི་ཅུན། བཀྲ་ཤིས་རྒྱ་མཚོ། ཝང་ཅིན་ཧོ། ཐུའོ་ཅང་ཁྲུན་སོགས་ཀྱིས་རུལ་སུངས་མཚམས་མི་འཇོག་པའི་གནད་དོན་ཞིབ་བཤེར་ཐག་གཅོད་གཏིང་ཟབ་བྱས་ཡོད། གཞུང་ཁོངས་ཁེ་ལས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་བཏང་ནས། ལི་ཡུས་དང་། ཧོ་ལི་ཧྥུང་། ལུའུ་ཅིའུ་ཆོན་བཅས་ཀྱིས་ཁེ་ལས་སྤྱད་དེ་རུལ་སུངས་དང་ཁེ་ཕན་སྒེར་སྡེམ་བྱེད་པའི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཡོད། སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ལ་དམ་པོར་དམིགས་ནས་ཝང་ཡུས་ཐིང་དང་ལི་པིན་གྱིས་སྨན་རྫས་དང་སྨན་བཅོས་སྒྲིག་ཆས་ཉོ་རིང་རྒྱུ་དབང་ཉོ་ཚོང་བྱས་པའི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཡོད། རང་རེའི་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི“འཐབ་ས་དང་པོའི་བཀོད་འདོམས་པུའུ”ལ་དམ་པོར་དམིགས་ནས་ཧོ་ལི་མིང་དང་། ཏུའུ་ཅང་སོགས་རྫོང(ཆུས)ཨུད་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་སྒེར་དོན་དབང་སྤྱོད་དང་དཔོན་ཚོང་ངན་འབྲེལ་གྱི་དཔེ་མཚོན་གྱོད་གཞིར་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཡོད། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་སྒོ་ནས་མི་རྒྱུ་གཉིས་འདེད་གཏོང་ཤུགས་ཆེ་རུ་བཏང་སྟེ་ཕྱི་རྒྱལ་དུ་བྲོས་པའི་གྱོད་འབྲེལ་མི་སྣ་2འདེད་བཟུང་བྱས་པ་སོགས་ཀྱི་ལས་དོན་འབོར་ཆེན་བསྒྲུབས་ཡོད་པ་རེད།

2020ལོར། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁྱོན་གྱོད་གཞི་ཁག1415གྱོད་ཁོངས་སུ་བཅུག་པ་དང་། མི1652ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པ། མི43ཞིབ་བཤེར་ལས་ཁུངས་ལ་རྩིས་སྤྲད་པ་རེད། “འགོ་ཁྲིད་གཙོ་བོ”407གྱོད་ཁོངས་སུ་བཅུག་ནས་ཞིབ་བཤེར་ཐག་གཅོད་བྱས་པ་དེ་དུས་མཚུངས་ལས35.2%འཕར་ཡོད། རང་སྐྱོང་ལྗོངས་ཀྱིས་གདམ་གསེས་དོ་དམ་བྱེད་པའི་ལས་བྱེད་པ34ཞིབ་བཤེར་ཐག་གཅོད་བྱས་པ་དེ་དུས་མཚུངས་ལས126.7%འཕར་ཡོད་པ་རེད།

དབང་ཆ་སྤྱོད་རྒྱུར་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། “རུལ་སུངས་བྱེད་མི་ཐུབ་པའི”རླུང་ཙི་དམ་དུ་བཏང་བ།

ན་ནིང་ཚུན་དུ། ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རྩ་ལག་མཉམ་བཅོས་ལ་གཞི་ཚུགས་པ་དང་། ལམ་ལུགས་སྔོན་འཇོག་མཐའ་འཁྱོངས་བྱས་ནས། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་འགོ་ཁྲིད་ལས་བྱེད་པའི་སྲིད་གཙང་ཡིག་ཚགས་དོ་དམ་བྱ་ཐབས་དང་། སྒྲིག་བཤེར་ལྟ་ཞིབ་ཀྱི་གྲོས་འགོའི་ཡི་གེ་ཚད་ལྡན་དུ་གཏོང་བའི་བསམ་འཆར། ཏང་སྲོལ་སྲིད་གཙང་གི་བསམ་འཆར་ལན་སྤྲོད་ལས་ཀའི་བྱ་ཐབས་སོགས་ལམ་ལུགས་གཏན་འབེབས་ཁག20ལྷག་ཙམ་སྔ་རྗེས་སུ་བཟོས་ནས་བཏོན་པ་དང་སྦྲགས། རྩིས་བཤེར་དང་། ལྷ་ས་འགག་སྒོ། སི་ཁྲོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན། ནུབ་རྒྱུད་འཐབ་ཁུལ་མཁའ་དམག་སྒྲིག་ཨུད། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་སོགས་ཚན་པའི་འབྲེལ་ཡོད་ལས་དོན་གྱི་མཉམ་སྒྲུབ་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བས། “རུལ་སུངས་བྱེད་མི་ཐུབ་པའི”ལམ་ལུགས་ཀྱི་མ་ལག་བརྟན་དུ་དང་འཐུས་སྒོ་ཚང་དུ་ཕྱིན་ཡོད་པ་རེད།

2020ལོར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཨུད་སྐོར་ཞིབ་ཚོགས་ཆུང་གིས་སྐོར་ཞིབ་བྱེད་རིང་ཆུས་དེའི་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དང་ལས་རིགས་ཀྱི་ལྟ་སྐུལ་འགན་འཁྲི་དམིགས་སར་འབྱོར་མེད་པས། ཏང་ཡོན་ལས་བྱེད་པ་ཉུང་ཤས་ཀྱིས་སྒྲིག་སྲོལ་དང་སྒྲིག་ཁྲིམས་བཞིན་དང་ཁྲིམས་བཞིན་འགན་འཁྲི་བསྒྲུབ་རྒྱུ་མི་འདང་བ་དང་། སྒྲིག་འགལ་སྒོ་ནས་སྤྱི་པའི་ལས་ཤག་བཟུང་སྤྱོད་བཀག་འགོག་བྱས་ཀྱང་ཕན་ནུས་མི་ཐོན་པ་ཤེས་རྟོགས་བྱུང་བ་རེད། སྣེ་གདོང་ཆུས་སྒྲིག་ཨུད་ཀྱིས་གནད་དོན་དེའི་ཁུངས་སྣེར་ཞིབ་བཤེར་རགས་ཙམ་བྱས་རྗེས། དུས་ཐོག་ཏུ་ཆུས་དེའི་སྡོད་ཁང་འཛུགས་སྐྲུན་ཅུས་ལ་སྒྲིག་ཁྲིམས་ཞིབ་བཤེར་གྱི་གྲོས་འགོའི་ཡི་གེ་གཤམ་སྤྲོད་བྱས་ནས། དེས་ལྟ་སྐུལ་བྱེད་ཤུགས་མི་འདང་བར་གསེད་བཀྲོལ་ནན་ཏན་བྱེད་དགོས་པ་དང་འབྲེལ། འབྲེལ་ཡོད་ལམ་ལུགས་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རྩ་བར་དོ་དམ་དང་ཕུགས་ལ་དོ་དམ་ཐུབ་པ་བྱེད་དགོས་པའི་སྐུལ་མ་བཏང་བ་རེད།

སྲིད་གཙང་ཉེན་བརྡའི་སློབ་གསོ་ཏན་ཏིག་བཏང་ནས“རུལ་སུངས་བྱེད་མི་འདོད་པའི”བསམ་བློའི་རྨང་གཞི་བརྟན་དུ་བཏང་བ།

ན་ནིང་ཚུན་དུ། ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞིབ་བཤེར་ཐག་གཅོད་བྱས་པའི་སྒྲིག་འགལ་ཁྲིམས་འགལ་གྱི་དཔེ་མཚོན་གྱོད་གཞི་གང་ལེགས་སྤྱད་དེ་སྤྱི་ཁྱབ་རང་བཞིན་གྱི་གནད་དོན་གསེད་བཀྲོལ་བྱས་པ་དང་འབྲེལ། བྱེ་བྲག་རང་བཞིན་གྱི་གནད་དོན་ལ་དབྱེ་ཞིབ་ཀྱང་བྱས་ནས། སྒྲིག་འགལ་ཁྲིམས་འགལ་གྱི་མི་སྣར་གནད་སྨིན“ངོས་འཛིན”བྱས་ཡོད། སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་ཚབས་ཆེན་ཐོན་པའི་ས་གནས་དང་ཚན་པའི་ཏང་ཨུད(ཏང་ཙུའུ)ལ་འཕྲལ་མ་ཉིད་དུ་ཚོགས་འདུ་འཚོགས་ནས་རྣམ་འགྱུར་སྟོན་པ་དང་བསམ་ཞིབ་བྱེད་དགོས་པའི་སྐུལ་མ་བཏང་ཡོད། ཉེན་བརྡའི་སློབ་གསོའི་ཚོགས་ཆེན་འཚོགས་ནས་གྱོད་ཁོངས་སུ་བཅུག་སྟེ་ཞིབ་བཤེར་བརྟག་དཔྱད་བྱ་རྒྱུའི་གཏན་འབེབས་ཁྱབ་བསྒྲགས་བྱས་པ་དང་སྦྲགས། ཏང་གི་སྲིད་ཇུས་དང་བླང་བྱ་བརྒྱུད་བསྒྲགས་བྱས་ཡོད། རང་སྐྱོང་ལྗོངས་ཡིག་ཚགས་ཁང་གི་རིམ་ཐོན་གྱོད་གཞིའི“རྗེས་སྒྲུབ་ལས་དོན”ཡག་པོ་བསྒྲུབ་རྒྱུར་རྗེས་སྙེགས་མཛུབ་ཁྲིད་བྱས་ནས། གྱོད་ཐོན་ཚན་པས་བསླབ་བྱ་དང་ལེན་ནན་ཏན་བྱེད་དགོས་པའི་སྐུལ་མ་བཏང་སྟེ། ལྷག་པའི་གནད་དོན་དང་སྐྱོན་ཆ་ཕྱོགས་ཡོངས་ནས་གཙང་སེལ་བྱས་ཡོད། སྲིད་གཙང་ཉེན་བརྡའི་སློབ་གསོའི་གློག་བརྙན་དང་སྲིད་གཙང་བརྙན་ལམ་ཐུང་གྲས་སྒྲིག་བཟོ་བྱས་ནས་སྒྲིག་འགལ་ཁྲིམས་འགལ་གྱི་ཏང་ཡོན་དང་ལས་བྱེད་པས་འགྱོད་བཤགས་བྱ་རྒྱུར་སྤྲད་པ་དང་། ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་གོང་ཞུའི་འགུལ་རིས་སྤྱི་ཕན་བརྡ་ཆ་སྒྲིག་བཟོ་བྱས་ནས་རྒྱུན་རྣམ་ཅན་གྱི་སྒོ་ནས་སྲིད་གཙང་བསམ་བློའི་སློབ་གསོ་བཏང་སྟེ། གྱོད་གཞི་གཅིག་ཞིབ་བཤེར་ཐག་གཅོད་ཐུབ་ཚེ། ཡུག་གཅིག་ལ་ཉེན་བརྡ་གཏོང་བ་དང་། ཕྱོགས་གཅིག་ལ་སློབ་གསོ་གཏོང་བའི་ཕན་འབྲས་ཐོན་ཐུབ་པ་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།