མངའ་རིས་ས་ཁུལ་གྱི་ཁྱད་ལྡན་ཐོན་རྫས་ཧྲི་ཅ་ཀྲོང་དུ་འགྲེམས་སྟོན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ཧོ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་སྐོར་དགུ་པ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་པེ་གོ་ཚོང་རར་བཙུགས་པའི་མངའ་རིས་ས་ཁུལ་གྱི་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་ཆེད་ཁུལ་དངོས་སུ་ཚོད་ལྟའི་ངང་གཉེར་སྐྱོང་བྱེད་མགོ་བརྩམས་པ་རེད།

རྒྱུས་ལོན་བྱུང་བར་གཞིགས་ན། ཆེད་ཁུལ་གྱིས་ས་ཁྱོན་སྨི་གྲུ་བཞི་མ195ཟིན་ཡོད་པ་དང་། ལུག་བལ་ཐོན་རྫས་དང་། བཟོ་རྩལ་ཐོན་རྫས། ཁབ་འཐག་ཐོན་རྫས། ཟས་རིགས། ཇ་ལོ། རྫ་ཆས་སོགས་བོད་ལྗོངས་དང་མངའ་རིས་ཀྱི་ཁྱད་ལྡན་ཐོན་རྫས་བརྒྱ་ལྷག་ཕྱིར་འཚོང་བྱས་པས། ཧྲི་ཅ་ཀྲོང་གི་མང་ཚོགས་ལ་ཐག་ཉེ་ས་ནས་ས་མཐོའི་ཁྱད་ལྡན་ཐོན་རྫས་ལ་རྒྱུས་ལོན་ལེགས་པོ་བྱེད་དུ་བཅུག་པ་རེད།

གཞན་ཡང་། ཆེད་ཁུལ་གྱིས་ད་དུང་བརྙན་ཡོལ་ཆེན་པོ་བརྒྱུད་དེ་མངའ་རིས་ས་ཁུལ་གྱི་ཡུལ་སྐོར་སྣང་བརྙན་དྲིལ་བསྒྲགས་བརྙན་རིས་བསྟན་པ་དང་། དེས་མངའ་རིས་ཀྱི་ཡུལ་སྲོལ་གོམས་གཤིས་དང་མཛེས་ལྗོངས་གང་ལེགས་ཀྱིས་མངོན་པ་མ་ཟད། ད་དུང་མང་ཚོགས་ལ་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོའི་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན2000རིན་མེད་ངང་འགྲེམ་གཏོང་བྱས་ཏེ་རྒྱ་ཆེའི་གྲོང་མི་རྣམས་མངའ་རིས་སུ་ཡུལ་སྐོར་དང་མ་འཇོག་བྱེད་པར་ཡིད་དབང་བཀུག་པ་རེད།

“མངའ་རིས་ཀྱི་ཁྱད་ལྡན་ཐོན་རྫས་ཧྲི་ཅ་ཀྲོང་གི་ཚོང་རར་འགྲེམས་སྟོན་བྱས་པ་དེས་ཕྱིར་འཚོང་ཁྲོམ་ར་གཏོད་པ་མ་ཟད། གྲོང་མི་མང་བོ་ཞིག་མངའ་རིས་སུ་མ་འཇོག་ལས་སྤེལ་བྱེད་པའི་ཡིད་དབང་ཡང་བཀུག་ཡོད་པས། ཧོ་པེ་དང་མངའ་རིས་ས་ཁུལ་གཉིས་ཀྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཇེ་ཟབ་ཏུ་འགྲོ་རྒྱུར་རོགས་རམ་ཆེན་པོ་བྱེད་རྒྱུ་རེད”ཅེས་ཧོ་པེ་ཞིང་ཆེན་གྱི་སྐོར་དགུ་པའི་བོད་སྐྱོར་ལས་དོན་རུ་ཁག་གི་ཁོངས་མིའམ་མངའ་རིས་ས་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལིའུ་ཧུའེ་ལོའུ་ཡིས་བཤད། ཁོང་གིས་རྗེས་མར་ང་ཚོས་ལུག་བལ་གྱི་ལག་བཟོས་ཐོན་རྫས་སྔོན་མངགས་ལས་སྒོ་གཙོ་གནད་ཐོག་བཏོད་དེ་ཐོན་རྫས་དྲ་ཐོག་དང་ཡུལ་དངོས་གཉིས་སུ་ཕྱིར་འཚོང་བྱས་ནས་མངའ་རིས་ཀྱི་ཁྱད་ལྡན་ཐོན་རྫས་ལ་སྔར་བས་རྒྱ་ཆེ་བའི་ཁྲོམ་རའི་མདུན་ལམ་ཞིག་གཏོད་རྒྱུ་ཡིན་ཞེས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།