མཉམ་སྤྱོད་དཔལ་འབྱོར་རིམ་བཞིན་ལྷ་སའི་གྲོང་མིའི་འཚོ་བ་དང་མཉམ་འདྲེས་ཐུབ་པ།

f7c67b0a-6bef-49ea-bb80-d1745b0c61f5.jpg

འདི་ནི་ལྷ་སའི་གྲོང་མི་དང་སློབ་མས་སྦྱངས་འབྲས་ལེགས་ཐོན་གྱི་མཉམ་སྤྱོད་རང་སྦྱོང་ཁང་དུ་སློབ་སྦྱོང་བྱེད་བཞིན་པ།

2bcb4288-ca42-4ffc-ac9e-277f5bf7a7e1.jpg

འདི་ནི་ལྷ་སའི་གྲོང་མིས་མཉམ་སྤྱོད་གློག་སྒུལ་སྦག་སྦག་གཏོང་བཞིན་པ།

7b4256a9-08b6-488d-a0e1-154273010e7b.jpg

འདི་ནི་ལྷ་ས་གྲོང་ཁྱེར་གྱི་གྲོང་མིའི་སྒོ་ར་ཆེན་པོ་ཞིག་གི་ནང་སྒྲིག་སྦྱོར་བྱས་པའི་གློག་སྒུལ་སྦག་སྦག་གི་མཉམ་སྤྱོད་གློག་གསོག་ས་ཡིན་པ།

4ad0eda9-2a56-4985-8519-a0e75caeacf0.jpg

འདི་ནི་མཉམ་སྤྱོད་གློག་སྒུལ་སྦག་སྦག་གི་འབྲེལ་ཡོད་ལས་མིས་གློག་རྫས་བརྗེ་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ཆ། མཉམ་སྤྱོད་དཔལ་འབྱོར་ང་ཚོའི་འཚོ་བའི་ཁྲོད་ཡོངས་ཁྱབ་དེ་བས་བྱུང་ནས། མཉམ་སྤྱོད་ཀྱི་གོ་དོན་རིམ་བཞིན་མི་སེམས་ལ་གཏིང་ཟབ་ཟུག་ཡོད། མཉམ་སྤྱོད་གློག་སྒུལ་སྦག་སྦག་དང་། མཉམ་སྤྱོད་གློག་གསོག་འབོ། མཉམ་སྤྱོད་འཕུར་མཉེད་རྐུབ་སྟེགས། མཉམ་སྤྱོད་རང་སྦྱོང་ཁང་སོགས་གསར་དར་ཐོན་ལས་ལྷ་སའི་ས་ཆ་གང་སར་སྤྱོད་འགོ་ཚུགས་ཡོད། འོ་ན། མཉམ་སྤྱོད་དཔལ་འབྱོར་གྱིས་ང་ཚོའི་འཚོ་བར་འགྱུར་ལྡོག་གང་འདྲ་བྱུང་ཡོད་དམ།

ཤུན་ཁྲི་ཀུང་སིའི་གྲོང་ཤར་འགན་འཁུར་བས། མིག་སྔར། ཀུང་སིས་ལྷ་སར་མཉམ་སྤྱོད་གློག་སྒུལ་སྦག་སྦག་10000ལྷག་ཙམ་དང་འཇོག་ཡུལ་1000ལྷག་ཙམ་བཀོད་སྒྲིག་བྱས་ཡོད་པ་དང་། དེ་དག་གཙོ་བོ་ཁུལ་ཆུང་ཆེ་གྲས་དང་། སྒོ་རྩིས་ཚོང་ཁང་། ཚན་པའི་སྒོ་འགྲམ་སོགས་སུ་ཁྱབ་ཡོད། ཉིན་ལྟར་གཏན་འཇགས་ཀྱི་ལས་དོན་མི་སྣས་ལག་ཐོགས་ཁ་པར་མཉེན་ཆས་ཀྱི་ངེས་གནས་མ་ལག་ཐོག་མངོན་པའི་ཆ་འཕྲིན་གཞིར་བཟུང་། གློག་རྫོགས་པའི་འཁོར་རིགས་ལ་གློག་རྫས་བརྗེ་གི་ཡོད་ཅེས་ངོ་སྤྲོད་བྱས། གྲོང་མི་ལི་ལགས་ཀྱིས“དེ་སྔ་དབན་ཏ་ཐང་ཆེན་གྱི་ཉེ་འགྲམ་དུ་མཉམ་སྤྱོད་གློག་སྒུལ་སྦག་སྦག་མང་པོ་མེད། རྗེས་སུ་ལས་དོན་མི་སྣས་འཁོར་རིགས་དུས་ཐོག་ཏུ་མང་དུ་བཏང་བ་བརྒྱུད། ཚང་མའི་དགོས་མཁོ་བསྐངས་ཡོད། དུས་རྒྱུན་ཕྱིར་སྐྱོད་སྐབས་མཉམ་སྤྱོད་གློག་སྒུལ་སྦག་སྦག་འདེམས་ཀྱི་ཡོད། སྟབས་བདེ་པོ་འདུག་ལ། འཇོག་ས་ཡང་མང་པོ་འདུག”ཅེས་བརྗོད།

མཉམ་སྤྱོད་གློག་སྒུལ་སྦག་སྦག་ཕུད། ད་དུང་མཉམ་སྤྱོད་གློག་གསོག་འབོས་ཀྱང་གྲོང་མི་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་བསྐྲུན་ཡོད། གསར་འགོད་པར་ལྷ་ས་གྲོང་ཁྱེར་གྱི་ཚོང་ར་ཆེ་གྲས་ཁག་དང་དྲ་ཁང་ཁག་ནས་ཤེས་རྟོགས་བྱུང་བར། གློག་གསོག་འབོ་སྣ་ཚོགས་མངོན་གསལ་དོད་སར་བཞག་ཡོད་པས། གཡར་བར་ཡོང་མཁན་གྲོང་མི་མང་པོ་འདུག སྐད་འཕྲིན་གོ་རིམ་ཆུང་གྲས་ནས་གཏོང་སྤྲོད་འབོའི་རྩ་གཉིས་ཨང་རྟགས་བཤེར་རྗེས། དྲན་སྐུལ་གཞིར་བཟུང་བཀོལ་སྤྱོད་བྱས་ཚེ། སྐར་ཆ་ཁ་ཤས་ནང་གློག་གསོག་འབོ་གཡར་ཐུབ་པས། ཧ་ཅང་སྟབས་བདེ་འདུག་ལ། རིན་གོང་ཡང་འཚམ་པོ་ཡོད་པ་རེད།

འཚོ་བའི་གནོན་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན་ནས། མི་རྣམས་ཀྱིས་གནོན་ཤུགས་ཆུང་དུ་གཏོང་ཐབས་འཚོལ་གྱི་ཡོད། འཕུར་མཉེད་ནི་གནོན་ཤུགས་ཆུང་དུ་གཏོང་བ་དང་། སེམས་པ་ལྷོད་དུ་བབས་པའི་བྱ་ཐབས་ཤིག་རེད། གསར་འགོད་པར་ལྷ་སའི་གླིང་སྣེ་གསུམ་པའི་སྤྲོ་སྣང་ལྡན་པའི་འཇིག་རྟེན་རོལ་རྩེད་ཁང་ནས་མཐོང་བར། ཐོག་སོ་ཚང་མར་མཉམ་སྤྱོད་འཕུར་མཉེད་རྐུབ་སྟེགས་ངེས་ཅན་བཀོད་སྒྲིག་བྱས་ཡོད་པར། ན་གཞོན་འཛད་སྤྱོད་པ་མི་ཉུང་བ་ཞིག་གིས་སྤྱོད་བཞིན་འདུག ལྷ་སའི་གླིང་སྣེ་གསུམ་པའི་སྤྲོ་སྣང་ལྡན་པའི་འཇིག་རྟེན་རོལ་རྩེད་ཁང་གི་ཀོན་ཀྲང་གཞོན་པ་དོན་གྲུབ་ཀྱིས“མཉམ་སྤྱོད་འཕུར་མཉེད་རྐུབ་སྟེགས་ཐོན་པ་དེས། འཛད་སྤྱོད་པས་མ་གནས་དམའ་པོའི་ཐོག་མཉམ་སྤྱོད་འཕུར་མཉེད་རྐུབ་སྟེགས་སྤྱོད་ཐུབ་པས་ཚང་མའི་དགའ་བསུ་ཐོབ་ཡོད”ཅེས་བརྗོད།

090516fe-6041-45b2-b087-5f8f027b0528.jpg

འདི་ནི་གྲོང་མིས་ལྷ་སའི་ཟ་ཁང་ཞིག་ཏུ་མཉམ་སྤྱོད་གློག་གསོག་འབོ་སྤྱོད་བཞིན་པ།

d9a408a2-6b5f-4490-bada-3758813cde8d.jpg

འདི་ནི་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་སྒོ་བསྟེན་པུའུ་རུ་སྒྲིག་སྦྱོར་བྱས་པའི་མཉམ་སྤྱོད་རྐུབ་སྟེགས་འཁོར་ལོ་ཡིན་པ།

མཉམ་སྤྱོད་དཔལ་འབྱོར་འཕེལ་རྒྱས་སོང་བ་དང་ཆབས་ཅིག ས་གནས་དེ་གའི་མང་ཚོགས་ཀྱི་ལས་ཞུགས་ཀྱི་གནད་དོན་ཡང་ཐག་གཅོད་ཐུབ་ཅིང་། ཤུན་ཁྲི་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས། མིག་སྔར་ལྷ་སར་ཀུང་སིའི་ལས་བཟོ་100ལྷག་ཙམ་ཡོད་པའི་ནང་མང་ཆེ་བ་ནི་ས་གནས་དེ་གའི་ལས་བཟོ་རེད་ཅེས་བརྗོད།

དབན་ཏ་ཐང་ཆེན་གྱི་མཉམ་སྤྱོད་གློག་སྒུལ་སྦག་སྦག་སྐོར་བཤེར་བ་ལྷག་པ་ཚེ་རིང་2018ལོར་བོད་ལྗོངས་སློབ་ཆེན་ཐོན་ཞིང་། ཁོང་གིས་གསར་འགོད་པར། སློབ་གྲྭ་ཐོན་རྗེས་ང་རང་ས་ཆ་མང་པོ་ཞིག་ལ་ལས་ཀར་སྐྱོད་མྱོང་། ཡིན་ནའང་ལས་ཀ་བྱེད་ས་ཁག་གཅིག་ཐག་རིང་བ་དང་། ཁག་གཅིག་གླ་ཆ་དམའ་པོ་རེད་འདུག མིག་སྔའི་ལས་ཀ་དེས་གནད་དོན་དེ་གཉིས་ཐག་གཅོད་ཐུབ་ནས་འཚོ་བའི་ཡག་ཏུ་ཕྱིན་སོང་ཞེས་བརྗོད།

3640a247-8bb6-4157-8192-54c6d56efff3.jpg

འདི་ནི་ལྷ་སའི་སྒོ་རྩིས་ཚོང་ཁང་ཞིག་ཏུ་གྲོང་མི་དང་ཡུལ་སྐོར་བས་མཉམ་སྤྱོད་འཕུར་མཉེད་རྐུབ་སྟེགས་སྤྱོད་བཞིན་པ།

མཉམ་སྤྱོད་དཔལ་འབྱོར་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་ཐུབ་མིན་དང་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་ཐུབ་མིན་དེ་སྤྱི་ཚོགས་ཀྱི་སྤྱི་པའི་ཀུན་སྤྱོད་ཆུ་ཚད་ལ་ཐུག་ཡོད། གལ་ཏེ་སྤྱི་ཚོགས་ཀྱི་སྤྱི་པའི་ཀུན་སྤྱོད་ཆུ་ཚད་མཐོ་པོ་མེད་ན་མཉམ་སྤྱོད་དཔལ་འབྱོར་གྱི་ལེགས་ཆ་མངོན་དཀའ་བ་དང་། ད་དུང་ཐོན་ཁུངས་འཕྲོ་བརླག་དང་སྤྱི་ཚོགས་ཀྱི་གྱོང་གུན་འཕར་མ་ཡོང་རྒྱུ་མ་ཟད། སྤྱི་ཚོགས་དོ་དམ་གྱི་ལྟ་སྐུལ་མ་གནས་ཀྱང་ངེས་ཅན་འདོན་དགོས་ཀྱི་ཡོད། དེས་ན་སྤྱི་ཚོགས་ཀྱི་སྤྱི་པའི་ཀུན་སྤྱོད་ཆུ་ཚད་མཐོ་རུ་ཕྱིན་ཚེ་མཉམ་སྤྱོད་དཔལ་འབྱོར་གྱི་ལེགས་ཆ་གཞི་ནས་མངོན་གསལ་དོད་དུ་འགྲོ་བ་དང་། ཉེ་འགྲམ་གྱི་མཉམ་སྤྱོད་ཐོན་རྫས་ཚང་མར་བདག་སྐྱོང་ཡག་པོ་བྱས་ཚེ་ང་ཚོའི་འཚོ་བར་དེ་བས་སྟབས་བདེ་ཡོང་རྒྱུ་རེད།

b4c112da-f822-4cd7-b4c4-f5fc3eb78771.jpg

འདི་ནི་ལྷ་སའི་གྲོང་མིས་མཉམ་སྤྱོད་གོས་འཁྲུའི་འཕྲུལ་འཁོར་སྤྱོད་བཞིན་པ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།