“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་ཀྱི་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར་སུམ་སྟོང་ལྷག་ལ་སླེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་རྒྱུས་ལོན་བྱུང་བར་གཞིགས་ན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཀྲུང་དབྱང་གི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཧུར་ཐག་བྱས་ཏེ། གཙོ་གནད་འཛད་སྤྱོད་ལ་སྐུལ་འདེད་བཏང་ནས་འཛད་སྤྱོད་རིམ་སྤོར་ལ་རོགས་འདེགས་བྱེད་པ་དང་། ཞན་ཆ་གསབ་ནས་གྲོང་གསེབ་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ། སྲིད་ཇུས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་འཛད་སྤྱོད་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་བཅས་བརྒྱུད་དེ་དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་ཡོང་བ་བྱས། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར་3388.83ལ་སླེབས་པ་དེ“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”རིང་ལས82.18%འཕར་བས། དཔལ་འབྱོར་འཕར་བའི་སྒུལ་ཤུགས་གཙོ་བོ་ཡིན་པའི་འཛད་སྤྱོད་ཀྱི་ནུས་པ་སྔར་བས་སྲ་བརྟན་དུ་ཕྱིན་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་སིལ་འཚོང་བསྡོམས་འབོར་མགྱོགས་མྱུར་ངང་འཕར་སྣོན་བྱུང་བའི་དུས་མཚམས་སུ་སླེབས་ཏེ་སྔ་རྗེས་སུ་སྒོར་དུང་ཕྱུར500(2016ལོ)དང་། སྒོར་དུང་ཕྱུར600(2017ལོ) སྒོར་དུང་ཕྱུར700(2018ལོ)བཅས་ཀྱི་འགག་སྒོ་ཆེན་པོ་ལས་བརྒལ་ཏེ་ཧ་ལམ་ལོ་རེར་སྐས་རིམ་ཆེན་པོ་རེར་སླེབས་ཡོད། 2020ལོར་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར745.78ལ་སླེབས་པ་དེ“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”དུས་མཇུག་ལས56.33%འཕར་ཏེ་ལྗོངས་ཡོངས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱི་དྲ་ཐོག་སིལ་འཚོང་ཡོང་འབབ་མགྱོགས་མྱུར་ངང་འཕར་ནས་ལོའི་ཆ་སྙོམས་འཕར་ཚད94.43%ལ་སླེབས་པ་རེད། 2020ལོར་ལྗོངས་ཡོངས་ཀྱི་དྲ་ཐོག་སིལ་འཚོང་ཡོང་འབབ་སྒོར་དུང་ཕྱུར116.7ཟིན་པ་དེ་དུས་མཚུངས་ལས122.29%འཕར་ནས“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”དུས་མཇུག་ལས2678.57%འཕར་ཏེ་འཕར་ཚད་ལྡབ27ཙམ་ཟིན་ཡོད།

ཤེས་རྟོགས་བྱུང་བ་ལྟར་ན། ད་ལོའི་ཟླ2པའི་ཟླ་མགོར་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས《ནང་མཁོ་རྒྱ་བསྐྱེད་དེ་འཛད་སྤྱོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》དཔར་འགྲེམས་བྱས་ཤིང་། དེའི་དམིགས་ཡུལ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་ནུས་ཤུགས་ཡོད་རྒུས་འཕེལ་བར་བྱས་ཏེ་ནང་མཁོས་དཔལ་འབྱོར་འཕར་སྣོན་ཡོང་བར་སྣེ་ཁྲིད་བྱེད་པའི་ནུས་པ་འབུར་དུ་བཏོད་པ་དང་། ནང་ཁུལ་འཁོར་རྒྱུག་ལ་སྐུལ་འདེད་གཏོང་རྒྱུ་བཅས་རེད།  །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།